Thursday, April 1, 2010
བོད་མི་ཚོ་ཕྱི་རྒྱལ་ཁག་ལ་འགྲོ་དགོས་སམ།
གསལ་བཤད།
ཁ་སྔོན་ལོ་ཙཱ་བ་ཆུང་ཚེ་རིང་ལགས་ཀྱི་བཀའ་མོལ་ལས་འཕྲོས་ནས་གཤམ་གསལ་དོན་གནད་འདི་བྲིས་པ་ཡིན་མོད། དེང་སང་མི་ཚང་མའི་བསམ་བློ་ནི་བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུ་ལ་ཕྱོགས་ཡོད་སྟབས། དེ་མིན་གྱི་གནས་ཚུལ་བཤད་ཀྱང་ཉན་མཁན་མི་ཡོང་བས་སྐབས་སུ་བབས་མེད་པར་སྙམ་ནས་ད་བར་ཕྱིར་འཐེན་བྱས་པ་ཡིན། འོན་ཀྱང་མདང་དགོང་ང་ཡི་གྲོགས་པོ་ཞིག་ནས། གནས་ཚུལ་འདིར་འོས་བསྡུ་དང་འབྲེལ་བ་ཆགས་ཡོད་པ་མ་ཟད། ལྷག་པར་བཀའ་ཁྲི་འོས་བསྡུ་དང་འབྲེལ་བ་ཆགས་ཡོད་པ་རེད་ཟེར། གཅིག་བྱས་ན་ཁོང་ནས་དེ་ནི་ཨ་རི་ནང་གི་སྲིད་འཛིན་འོས་བསྡུ་དང་གཅིག་མཚུངས་ངོས་འཛིན་བྱས་པ་ཡིན་ཤས་ཆེ།
ཨ་རིའི་སྲིད་འཛིན་འོས་མིར་ལངས་སྐབས་དོ་བདག་སོ་སོ་ནས། རང་ཉིད་སྲིད་འཛིན་ཆགས་ན་མི་མང་ལ་ཕན་པའི་ལས་ཀ་འདི་བྱེད་ཀྱི་ཡིན། ང་ལ་འཆར་གཞི་འདི་འདྲ་ཞིག་ཡོད། འཆར་གཞི་དེ་ལམ་ལྷོང་ཡོང་བའི་གདེང་ཚོད་འདི་ལྟར་ཡོད། རྒྱུ་མཚན་དེས་ཁྱོད་རང་ང་ལ་འོས་འཕེན་པར་ཤོག །ཅེས་ཁ་ན་ན་སྐད་རྒྱག་བཞིན་ཡོད། གང་ལྟར་མི་མང་གི་ངོས་ནས་ཀྱང་རྒྱུ་མཚན་དེ་དག་ལ་གཞིགས་ཏེ། རང་རང་ལ་ཁེ་ཕན་སྐྲུན་ཐུབ་པའི་འཆར་གཞི་དང་གདེང་ཚོད་ཡོད་ཅིང༌གང་དང་ལངས་ཕྱོགས་མཐུན་པ་དེ་ལ་འོས་འཕེན་བཞིན་ཡོད་པ་རེད།
དེས་ན་ང་ཚོའི་བཀའ་ཁྲི་འོས་མི་སུ་ཞིག་ནས། རང་ཉིད་བཀའ་ཁྲི་ཆགས་པ་ཡིན་ན། ༧ གོང་ས་མཆོག་དང་་་་་་བོད་རྒྱ་འབྲེལ་མོལ་་་་་་་རྒྱ་བལ་འབྲུག་གསུམ་ཁུལ་ཀྱི་བཙན་བྱོལ་བོད་མི་ཁྱིམ་དུད་རེ་ནས་མ་མཐར་མི་རེ་ཕྱི་རྒྱལ་ལ་སླེབས་ཐུབ་པ་བྱེད་ཀྱི་ཡིན། དེའི་ཐད་ཀྱི་འཆར་གཞི་འདི་འདྲ་ཞིག་ཡོད། ཐབས་ལམ་འདི་འདྲ་ཞིག་ཡོད། དེ་ལ་དགེ་མཚན་འདི་འདྲ་ཞིག་ཡོད་ཅེས་སོགས་བཤད་པ་ཡིན་ན། བཤད་པ་ལྟར་མ་ཡིན་པར་དངོས་གནས་ལག་བསྟར་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཞིག་ཡོད་པ་ཡིན་ན། དེ་ལ་གཞིགས་པའི་མི་མང་ནས་འོས་ཤོག་མང་པོ་ཞིག་རག་རྒྱུ་ཡིན་པར་བསམས་ཡོད་པ་རེད། རྒྱུ་མཚན་དེས་འདི་ཟིན་བྲིས་སུ་མུ་འགོད་བྱེད་རྒྱུ་ཡིན།
གཅིག
བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ན་ནིང་ནིའུ་ཡོག་ཏུ་མི་མང་ལ་བཀའ་སློབ་གནང་བའི་སྐབས། བོད་མི་གང་འཚམས་ཞིག་ཨ་རི་དང་ཁེ་ཎ་ཌའི་ནང་ཡོང་ཐུབ་ཐབས་བྱེད་བཞིན་ཡོད་སྐོར་བཀའ་གནང་བ་དང༌། དེ་བཞིན་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་ཀྱང་། ན་ནིང་འདི་ག་ཝ་ཤིང་ཊོན་དང༌དེ་རྗེས་རྒྱ་གར་ཨོ་རི་ས་བཅས་སུ་མི་མང་ལ་བཀའ་སློབ་གནང་སྐབས། བོད་མི་རྣམས་ཨ་རི་སོགས་སུ་ཁྲིམས་འགལ་ཐོག་ནས་འགྲོ་མ་དགོས་པའི་ཐབས་ལམ་གཞན་ཡང་ཡོད་པ་དང༌། ཐབས་ལམ་དེ་བེད་སྤྱོད་གཏོང་བ་ཡིན་ན། དུས་ཡུན་གྱི་ཆ་ནས་ཟླ་བ་ཁ་ཤས་དང་ལོ་ཁ་ཤས་འགོར་སྲིད་པ་ལས། ཁྲིམས་དང་མི་འགལ་བ་དང་བུ་ལོན་མང་པོ་ལེན་མི་དགོས་པའི་དགེ་མཚན་ཡོད་སྐོར་བཀའ་གནང་ཡོད། འོན་ཀྱང་དེའི་སྐོར་བཀའ་འདྲི་ལམ་སྟོན་ཞུ་མཁན་སུ་ཡང་མ་བྱུང་བ་འདྲ།
གཉིས།
སྐད་ཅ་དུམ་བུ་དེ་སྔོན་དུ་བཏང་ནས་བོད་མི་རྣམས་ཕྱི་རྒྱལ་ལ་འགྲོ་བའི་ཐད་ནས་ཅུང་ཟད་གླེང་ན། སྤྱིར་བཏང་དེའི་སྐོར་བསམ་ཚུལ་མང་པོ་ཞིག་བྲིས་མྱོང་ཡང་ད་ཐེངས་ཡང་གཅིག་འབྲི་འདོད་བྱུང༌། གང་ཡིན་ཟེར་ན། ང་རང་གི་མཐོང་སྣང་དང་ཚོད་དཔག་ནོར་མེད་ན་གནད་དོན་འདི་ཕྱོགས་མང་པོ་ཞིག་ནས་བོད་ཀྱི་རྩ་དོན་དང་འབྲེལ་བ་དམ་པོ་ཡོད་པས་ཡིན།
ཚང་མས་ཤེས་གསལ་ལྟར། བཙན་བྱོལ་བོད་པ་རྣམས་ཨ་རི་དང་ཡོ་རོབ་སོགས་ཕྱི་རྒྱལ་ཡུ་གྲུ་ཁག་ཏུ་ཐར་ཐབས་བྱེད་བཞིན་པ་དེ་ལ་ལྟ་ཚུལ་མི་མཐུན་པ་གཉིས་ཡོད་ཅིང༌། གཅིག་ནི་བཙན་བྱོལ་བོད་མི་རྣམས་ཕྱི་རྒྱལ་ཁག་ལ་ཐར་ཐབས་བྱེད་པ་དེས་བོད་ཀྱི་རྩ་དོན་ལ་གནོད་ཀྱི་ཡོད་པར་ངོས་འཛིན་བྱེད་པ་དང༌། གཞན་གཅིག་གིས་བོད་པ་མང་ཙམ་ཕྱི་རྒྱལ་ཁག་ལ་གནས་སྡོད་བྱེད་ཐུབ་པ་ཡིན་ན་དེས་བོད་ཀྱི་རྩ་དོན་ལ་ཕན་པར་འདོད་ཀྱིན་ཡོད། གང་ལྟར་ཕྱི་རྒྱལ་ལ་སླེབས་པ་ཡིན་ན་རང་དང་རང་གི་ཉེ་འབྲེལ་ལྟོས་བཅས་ལ་དཔལ་འབྱོར་གྱི་ཁེ་ཕན་ཡོད་པ་དེ་ཕྱོགས་གཉིས་ཀས་ཁས་ལེན་པ་ཡིན།
དེ་ཡང་ཕྱོགས་དང་པོའི་བསམ་དོན་གཙོ་བོ་ནི་འདི་ཡིན་ནམ་སྙམ་སྟེ། བཙན་བྱོིལ་བོད་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་སོང་བ་ཡིན་ན། བོད་མི་དེ་རྣམས་གང་སར་ཁ་འཐོར་ནས་རང་གི་སྐད་ཡིག་དང་རིག་གཞུང་སྲུང་ཉར་བྱེད་མི་ཐུབ་པ་མ་ཟད། ཐ་ན་རང་གི་བུ་རབས་ཚ་རྒྱུད་ཚོས་བོད་སྐད་ཀྱང་རྒྱག་མི་ཐུར་པར་གྱུར་ཏེ། མཐར་མི་རིགས་ཀྱི་ངོ་བོ་ཚུན་ཆད་རྩ་བརླག་ཏུ་འགྲོ་རྒྱུ་ཡིན་པ་དང༌། ད་དུང་། བཙན་བྱོལ་བོད་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ལ་གནས་སྤོས་བྱས་པ་ཡིན་ན། རྒྱ་གར་ནང་གི་བོད་བཙན་བྱོལ་གཞུང་གི་སྒྲིག་འཛུགས་དེ་ཡང་ཉམས་ཆག་ཏུ་འགྲོ་བ་དང༌། དེ་ཉམས་ཆག་སོང་བ་ཡིན་ན་ཁང་པ་ཞིག་གི་དཀྱིལ་ཀ་འགྱེལ་བ་དང་དམག་དཔུང་ཞིག་གི་སྤྱི་ཁྱབ་བཀོད་འདོམས་ཁང་མེད་པར་གྱུར་པ་དང་འདྲ་བ་བོད་ཀྱི་རྩ་དོན་ལ་གནོད་སྐྱོན་དེ་ཡན་མེད་པ་ཞིག་ཐེབས་རྒྱུ་ཡིན་པར་བསམ་བཞིན་ཡོད།
དེ་མིན་གསང་སྤྱོད་དང་ཕོར་པ་འཁྲུ་བ་ཟེར་བ་དང༌། འབྱོར་ལྡན་ཚོའི་བྲན་གཡོག་རྒྱུག་དགོས་པས་སྐྱིད་པོ་མེད་ཟེར་བ་སོགས་ནི་གནས་ལུགས་མ་ཤེས་པའི་བྱབ་ཆུང་གི་སྐད་ཅ་ཡིན་པས་ཕྱི་རྒྱལ་དུ་འགྲོ་རྒྱུ་མེད་པའི་རྒྱུ་མཚན་དུ་མི་འགྲོ་ཡང༌། སྐད་ཅ་བྱབ་ཆུང་དེ་ལ་ལན་བྱབ་ཆུང་ཞིག་ཞུས་ན། སྤྱིར་ཡོངས་ནས་ཕྱི་རྒྱལ་ལ་བོད་པ་མང་པོས་ཕོར་པ་འཁྲུ་བ་དང་ཁ་ཤས་ནས་སྐྱག་ཁང་ཁྲུས་ཡོད་སྲིད་ཀྱང༌། མང་པོ་ཞིག་ནས་ཆེས་ཡོང་སྒོ་ཆེ་བའི་ཁྲིམས་རྩོད་པ་དང་སྨན་པའི་ཕྱག་ལས་གནང་བཞིན་ཡོད་ལ། ད་དུང་རྒྱལ་སྤྱིའི་དངུལ་ཁང་དང༌། འཛམ་གླིང་ན་སྐད་གྲགས་ཡོད་པའི་གཙུག་ལག་སློབ་གྲྭ་དེ་འདྲའི་ནང་དགེ་རྒན་ཆེན་མོ་བ་གནང་བཞིན་ཡོད། དེ་མིན་རང་རང་གི་ཚོང་ལས་གཉེར་བ་དང༌། བོད་ཕྱི་ནང་གཉིས་ལ་ཕན་ཐོགས་པའི་ཐེབས་རྩ་དང་རོགས་ཚོགས་གཉེར་མཁན་ཡང་མང་པོ་ཡོད།
ལར་ནས་འགྲོ་བ་མི་ཡི་སྡུག་བསྔལ་ཆེ་ཤོས་ནི་སྐྱེ་རྒ་ན་འཆི་གསུམ་ཡིན་པར་ཡོང་གྲགས་ལ་དེ་གསུམ་ནི་ཕོ་མོ་དང་ཤར་ནུབ་དང་སྤྱི་ཚོགས་སོགས་ཀྱི་ཁྱད་པར་མི་དབྱེ་བ་ཡིན། དེ་གསུམ་གྱི་རྗེས་སུ་སྡུག་བསྔལ་ཆེ་ཤོས་ནི། དམིགས་བསལ་ཁྲིམས་གཅོད་འདྲ་མིན་དང་བཙོན་དུ་བཅུག་པའི་སྡུག་བསྔལ་སོགས་དང་། སྤྱིར་བཏང་གི་ཆ་ནས་བཤད་ན་ཟ་གྱོན་སོགས་རང་རང་གི་འཚོ་ཐབས་ཀྱི་དཀའ་ངལ་ལས་བྱུང་བའི་སྡུག་བསྔལ་དེ་དག་ཡིན་ལ། གང་ལ་སྡུག་བསྔལ་དེ་དག་ཡོད་པ་དེ་ལ་བདེ་སྐྱིད་མེད་པ་སྟེ། སྡུག་བསྔལ་ཡོད་པ་དང་བདེ་སྐྱིད་མེད་པ་གཉིས་བཤད་སྟངས་མ་འདྲ་བ་ལས་དོན་གཅིག་ཡིན་པ་རེད།
དེས་ན་ཕྱི་རྒྱལ་ཁག་ལ་འཚོ་ཐབས་ཀྱི་ཆ་ནས་ཐོག་མར་ཟ་གྱོན་གྱི་དཀའ་ངལ་ལས་བྱུང་བའི་སྡུག་བསྔལ་མེད་ཅིང༌། དེ་ནི་འགྲོ་བ་མི་ཡི་གཞི་རིམ་གྱི་དཀའ་ངལ་ཆེ་ཤོས་ཤིག་ལས་གྲོལ་བ་རེད། དེ་ནས་ཆུ་ཆད་པའི་སྡུག་བསྔལ་དང་། གློག་ཤི་བའི་སྡུག་བསྔལ་སོགས། མདོར་ན་དབྱར་ཚ་བ་དང་དགུན་གྲང་བའི་སྡུག་བསྔལ་གང་ཡང་མེད། མ་གཞི་ནས་བཀྲེས་ལྟོགས་དང་ཚ་གྲང་གི་སྡུག་བསྔལ་ནི་དམྱ་བ་དང་ཡི་དྭགས་སོགས་ངན་སོང་གི་སྡུག་བསྔལ་ཉིད་དུ་བཤད་པས། སྡུག་བསྔལ་དེ་དག་ལས་མ་གྲོལ་ན་བདེ་འགྲོ་མི་ལུས་ཐོབ་ཀྱང་ཇི་འདྲའི་ཐབས་སྐྱོ་པོ་ཞིག་མ་རེད་དམ། དེ་བཞིན་ཡུལ་མིས་བརྙས་བཅོས་བྱེད་པའི་སྡུག་བསྔལ་དང་། རྒྱ་ལག་ཏུ་ཕྱིར་འབུད་བྱེད་པའི་སེམས་ཁྲལ་དང་སྡུག་བསྔལ་ཀྱང་མེད་པ་ཡིན།
གལ་སྲིད་མགྲོན་ཁང་ཆེ་བ་ཞིག་གི་གསང་སྤྱོད་འཁྲུ་མཁན་ཡིན་པར་ཆ་བཞག་ན། ཟླ་རེར་ཉུང་མཐར་ཨ་སྒོར་བཞི་སྟོང་ཡན་ཆད་ཡིན་པས་དེ་ནི་རྒྱ་གར་སྒོར་མོ་འབུམ་གཉིས་ཡས་མས་རེད། གལ་སྲིད་མི་གཞན་ཞིག་གིས་ལས་ཀ་དེ་འཕྲོག་རྩིས་བྱས་པ་ཡིན་ན་ཁོ་པས་འཛིང་རྩོད་དང་གཏུག་བཤེར་བྱེད་ངེས་ཡིན་ལ། དེས་ག་རེ་མཚོན་པ་རེད་ཅེ་ན། གསང་སྤྱོད་འཁྲུ་བ་དེས་ཁོ་ལ་སྡུག་བསྔལ་སྤྲོད་ཀྱི་མེད་པར་དེ་ལས་ལྡོག་སྟེ་སྤྲོ་བ་བྱིན་གྱི་ཡོད་པ་དེ་གསལ་བཤད་བྱེད་པ་རེད། མདོར་ན། བདེ་སྡུག་གཉིས་ནི་ནང་སེམས་ཀྱི་ཁྱེར་སོ་ལས་ཕྱི་དངོས་པོ་ཁོ་ན་ལས་བྱུང་བ་མ་ཡིན་པས། གསང་སྤྱོད་ཁྲུས་ན་སྐྱིད་པོ་མེད་པ་དང་། གསེར་དངུལ་ཁྲུས་ན་སྐྱིད་པོ་ཡོད་པ་དེ་འདྲ་གཏན་ནས་མིན།
འཕྲོས་རྗེས་མ་གཟིགས།
Subscribe to:
Post Comments (Atom)

0 comments:
Post a Comment