Tuesday, April 27, 2010

༧རྒྱལ་བ་རིན་པོ་ཆེ་སྐྱེ་དགུ་མདོར་ཕེབས་ཐུབ་མི་སྲིད་པ་དང་སྲིད་པ།


སྤྱིར་བཏང་༧གོང་ས་རྒྱལ་བ་རིན་པོ་ཆེ་རྒྱ་ནག་དང་བོད་ནང་ཕེབས་ཐུབ་མིན་དེ་ཕྱོགས་གཉིས་ཀ་ལ་རག་ལས་པ་ཞིག་ཡིན་ཏེ། གལ་ཏེ་༧གོང་ས་མཆོག་ཕེབས་འདོད་ཡོད་ཀྱང་རྒྱ་ནག་གཞུང་གིས་ཕེབས་མ་བཅུག་ན་དང༌། ཡང་རྒྱ་ནག་གཞུང་གིས་གདན་འདྲེན་ཞུ་འདོད་ཡོད་ཀྱང་༧གོང་ས་མཆོག་ཕེབས་འདོད་མེད་ན་བྱེད་ཐབས་གང་ཡང་མེད་ངེས་རེད། འོན་ཀྱང་ད་རེས་འདི་ལ་༧གོང་ས་མཆོག་ཕེབས་འདོད་ཡོད་ལུགས་གསལ་བསྒྲགས་བྱས་སྟབས། ཁོང་ཕེབས་ཐུབ་དང་མ་ཐུབ་ཀྱི་གནད་འགག་ཡོངས་སུ་རྫོགས་པ་ནི་རྒྱ་ནག་གཞུང་ལ་རག་ལས་ཡོད་པ་ལས། བོད་དང་རྒྱ་ནག་གི་མཁའ་དབྱིངས་སུ་ཨི་སི་ལན་ཌིའི་མེ་རི་འཕྱུར་བའི་དུ་ཞགས་འཁྲིགས་མེད་སྟབས། རྒྱུ་རྐྱེན་གཞན་གཡས་ཁག་གཡོན་དཀྲི་བྱེད་ས་གང་ཡང་བསྡད་མེད་ཅིང༌། རྒྱལ་བ་རིན་པོ་ཆེའི་ཕ་ཡུལ་ཡང་བོད་མཐོ་སྒང་ནས་ཡིན་པས་དེར་གནམ་གཤིས་མི་འཕྲོད་པ་དང་སྲོག་རླུང་གིས་མ་འདང་བའི་འགྲེལ་བརྗོད་ཀྱང་ལན་པོ་རང་མེད་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་ཕེབས་བཅུག་དང་མ་བཅུག་དེ་ད་ཆ་མི་རྣམས་ཀྱིས་ཚོད་དཔག་བྱ་ཡུལ་ཞིག་ཏུ་གྱུར་ཅིང༌། ཕེབས་མི་བཅུག་པར་འདོད་མཁན་ཚོས་ཕེབས་མི་བཅུག་པའི་རྒྱུ་མཚན་ག་རེ་བགྲངས་ཀྱི་ཡོད་པ་དང༌། ཕེབས་བཅུག་པར་འདོད་མཁན་ཚོས་དེའི་རྒྱུ་མཚན་ལ་ག་རེ་བགྲངས་ཀྱི་ཡོད་པ་རྣམས་ཤེས་པ་ཡིན་ན། དེའི་བར་ནས་ང་ཚོས་རྒྱུ་མཚན་དང་གནས་ལུགས་ལྡན་ཞིང་གནད་ལ་འབིགས་པའི་ཚོད་དཔག་ཡག་པོ་ཞིག་བྱེད་ཐུབ་ཀྱི་རེད་སྙམ། འོན་ཀྱང་གསར་འགོད་པས་གསལ་ལམ་ཁག་ཏུ་བཀོད་ཚད་དང༌། དཔྱད་བརྗོད་པས་དཔྱད་གཏམ་སྤེལ་ཚད་བཤད་མི་བཏུབ་པས། དེ་ལས་རྒྱུ་མཚན་དང་གནས་ལུགས་ལྡན་པའི་འགྲེལ་བཤད་རྒྱག་སྟངས་འགའ་ཞིག་བརྗོད་ན་གཞན་ལ་ཞར་ལ་ཤེས་ཐུབ།

རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་དེར་ཕེབས་མ་བཅུག་པའི་རྒྱུ་མཚན་མང་པོ་ཡོད་པ་ནས་གཙོ་ཆེ་ཤོས་དེ་ནི། རྒྱ་ནག་གཞུང་ལ་༧གོང་ས་མཆོག་དེར་ཕེབས་བཅུག་པའི་བློ་ཁོག་མེད་པར་རྫུན་རྐུབ་བརྡོལ་བའི་སྐྲག་སྣང་སྐྱེ་ཡི་ཡོད་པ་དེ་རེད། དེ་ཡང་རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་དང་། ཡང་ནས་བསྐྱར་དུ་ནས་རྗོད་བཞིན་པ་ཞིག་ལ། བོད་ནང་གི་ཁ་བྲལ་བ་ཉུང་ཤས་མ་གཏོགས་བརྒྱ་ཆ་དགུ་བཅུ་གོ་ལྔའི་བོད་རིགས་མི་མང་རྣམས་གུང་ཁྲན་ཏང་ལ་དགའ་གཞེན་ཡོད་པ་ལས་ཏཱ་ལའི་བླ་མ་ལ་དགའ་པོ་མེད་པ་དང༌། ཏཱ་ལའི་བླ་མས་བོད་མི་མང་གི་ངོ་ཚབ་མཚོན་ཐུབ་ཀྱི་མེད་ལུགས་བཤད་དེ། བོད་རིགས་མི་མང་གི་བདེན་རྒྱབ་ངོ་མ་དེ་གུང་ཁྲན་ཏང་ཁོ་ན་ཡིན་པའི་དྲིལ་བསྒྲགས་བྱེད་བཞིན་པ་དེའི་རྫུན་རྐུབ་བརྡོལ་རྒྱུ་ཐག་ཆོད་ཡོད་པས་རེད།

དེ་ཡང་ཞིབ་ཙམ་བཤད་ན། གལ་སྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐྱེ་དགུ་མདོར་ཕེབས་པ་ཡིན་ན། བོད་མདོ་དབུས་ཁམས་གསུམ་གྱི་མི་མང་ཧ་ཅང་མང་པོ་ཞིག་དེར་འཛོམ་རྒྱུ་ཐག་ཆོད་པ་དང༌། ས་ཁུལ་དེ་བོད་མདོ་དབུས་ཁམས་གསུམ་གྱི་དབུས་དཀྱིལ་དུ་ཁེལ་ཡོད་སྟབས་འགྲུལ་བཞུད་ཀྱང་བདེ་པོ་ཡོད་པ་རེད། འགྲུལ་བཞུད་བདེ་མིན་ལ་མ་ལྟོས་པར་བོད་རིགས་བརྒྱ་ཆ་དགུ་ཅུ་ཙམ་འཛོམ་ངེས་ཡིན་ཅིང༌། གལ་ཏེ་ཉིན་ཤས་བཞུགས་པའི་དབང་དུ་བཏང་ན། ཁྱིམ་སྲུང་མཁན་དང་སྒོ་ཟོག་ལྟ་མཁན་རེས་མོས་ཀྱིས་བོད་ཀྱི་ཞིང་འབྲོག་གི་མི་གཅིག་ཀྱང་མ་ལྷག་པར་ཁོང་མཇལ་ཁ་ཡོང་རྒྱུ་ཕལ་ཆེར་ཐག་ཆོད་པ་རེད། དེ་ལྟ་བུའི་གནས་སྟངས་འོག་བདེ་འཇག་གི་ཐད་ནས་བཤད་ཀྱང་དཀའ་ངལ་འཕྲད་སྲིད་མོད། འོན་ཀྱང་རྒྱ་ནག་གཞུང་སྐྲག་སྣང་བྱེད་སའི་གནད་དོན་ནི་དེ་ལས་གཞན་པ་ཞིག་རེད།

གལ་སྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་དེར་ཕེབས་པ་ཡིན་ཚེ། མེ་མདས་བཀག་ཀྱང་མི་ཁོག་པར་བོད་མི་བརྒྱ་ཆ་དགུ་བཅུ་དེར་ཡོང་ངེས་ཡིན་ཅིང༌། ཡོང་བ་དེ་དག་ཀྱང་ལྟད་མོ་དང་མཚར་མཚར་ལྟར་མ་ཡིན་པར་ཞལ་མཇལ་གསུང་ཐོས་ཀྱི་བྱིན་རླབས་ཞུ་ཆེད་ཡིན་པ་དང༌། མི་དེ་དག་གིས་༧གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱི་དད་པ་གཡོ་བ་མེད་པ་དེ། ཁོང་ཚོའི་བྱ་སྤྱོད་ཀྱི་ཐོག་ནས་དངོས་སུ་མཐོང་ངེས་ཡིན་ལ། གནས་ཚུལ་དེ་འགེབས་ཐབས་མེད་པར་རྒྱལ་སྤྱིའི་ཐོག་ཕྱི་གསལ་ནང་གསལ་ཆགས་རྒྱུ་ཡིན་པ་རེད། རྒྱུ་མཚན་དེས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་རིགས་མི་མང་རྣམས་ཏང་གི་སྲིད་ཇུས་ལ་བློ་ཁ་ཁེངས་ནས་ཡོད་པ་དང༌། ཏཱ་ལའི་རུ་ཚོགས་ལ་དགའ་པོ་མེད་པ། ཏཱ་ལའི་བླ་མས་བོད་མི་མང་གི་ཚབ་མཚོན་མི་ཐུབ་ལུགས་བཤད་པ་ཚང་མ་གཞི་འཛིན་ས་གང་ཡང་མེད་པར་ཆགས་གྱུར་ཡིན་ཅིང༌། རྒྱ་ནག་གཞུང་སྐྲག་ས་གཙོ་བོ་ནི་དོན་གནད་དེ་སྒང་ལ་ཡིན་པར་སྙམ།

དཔེ་གཞན་ཞིག་བཤད་ན། པཎ་ཆེན་རིན་པོ་ཆེ་སྦས་གསང་བྱེད་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ཏེ། གལ་ཏེ་༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་དགེ་མདུན་ཆོས་ཀྱི་ཉི་མ་མཆོག་ཉིན་ཞིག་བོད་རིགས་ས་ཁུལ་ཞིག་ཏུ་ཕེབས་བཅུག་པ་ཡིན་ཚེ། བོད་མི་མང་གི་ངོས་ནས་དེར་མཇལ་ཁ་ཞུ་བ་སོགས་དགའ་བསུ་ཆེན་པོ་འཐོབ་རྒྱུ་ཡིན་པ་ནི། གཞུང་འབྲེལ་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་དགའ་བསུ་ཞུ་དགོས་པའི་གཞུང་གིས་བཙན་བཀའ་བཏང་བ་དང་བསྡུར་ཐབས་རྩ་ནས་མེད་པར་ཆགས་ཀྱི་རེད། དེར་བརྟེན་ཚུལ་དེས་རྒྱ་ནག་གཞུང་ངོ་ཚ་ཁ་སྐྱེངས་ཆགས་པ་གཅིག་པུར་མ་ཡིན་པར། བོད་མི་མང་གི་མངོན་འདོད་གང་ཡིན་པ་དང་བོད་ཀྱི་ངོ་ཚབ་སུས་མཚོན་གྱི་ཡོད་མེད་དང༌། བོད་རྒྱ་བར་འབྲེལ་མོལ་འགྲོ་བཞིན་པ་འདི་ཡང་བོད་རྒྱ་ཆེའི་མི་མང་གི་བདེ་སྡུག་གི་ཆེད་ཡིན་དང་ཏཱ་ལའི་བླ་མ་དང་དེའི་འཁོར་གྱི་དཀའ་ངལ་ཞིག་ཡིན། དེ་ལ་སོགས་པ་མདོར་ན་བོད་ཀྱི་རྩ་དོན་དང༌འབྲེལ་བ་ཆགས་ཀྱི་ཡོད་པ་རེད།

འཕྲོས་རྗེས་སུ་གཟིགས།

0 comments:

Post a Comment