Tuesday, April 27, 2010
༧རྒྱལ་བ་རིན་པོ་ཆེ་སྐྱེ་དགུ་མདོར་ཕེབས་ཐུབ་མི་སྲིད་པ་དང་སྲིད་པ། དུམ་བུ་གཉིས་པ།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ད་རེས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ཁུལ་དེར་ཕེབས་བཅུག་སྲིད་པ་དང་། དེའི་རྒྱུ་མཚན་ཡང་མང་པོ་ཡོད་པ་ནས། དགག་ཕྱོགས་ཀྱི་རྒྱུ་མཚན་ཁག་ཅིག་ནི་འདི་ལྟར།
༡།ད་རེས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ཁུལ་དེར་ཕེབས་མ་བཅུག་ན། བོད་མི་རྣམས་སེམས་སྡུག་ཆེན་པོའི་ངང་གནས་ཡོད་སྟབས་འཆི་གསོན་ལ་མི་ལྟ་བར་རྒྱ་ནག་གཞུང་ལ་ངོ་རྒོལ་དྲག་པོ་བྱེད་སྲིད་པ་དང༌། དེ་འདྲའི་ངོ་རྒོལ་ལངས་པ་ཡིན་ན་དེའི་ཤུགས་རྐྱེན་ཐད་ཚོད་དཔག་བྱེད་ཐབས་བྲལ་བ།
༢།ད་རེས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ཁུལ་དེར་ཕེབས་མ་བཅུག་ན། ཆོས་དད་དང་གྲངས་ཉུང་མི་རིགས་ཀྱི་ཡུལ་གོམ་གཤིས་ལུགས་ལ་གུས་བརྩི་སྲུང་སྐྱོབ་བྱེད་བཞིན་ཡོད་པའི་གཞུང་གི་དྲིལ་བསྒྲགས་དེ་ཚོ་ལས་སླ་པོ་ཕམ་ཉེས་ཁེལ་རྒྱུ་ཡིན་པ་དང༌། རྒྱ་ནག་གཞུང་འདི་རྒྱལ་སྤྱིའི་ཐོག་མི་ཡི་རིགས་ཀྱི་དཔལ་ཡོན་ལ་འགྲེལ་བཤད་རྒྱག་པར་ཉམ་དམའ་པོ་ཆགས་རྒྱུ་ཡིན་པ།
༣།ད་རེས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ཁུལ་དེར་ཕེབས་མ་བཅུག་ན། མི་རྣམས་རང་བྱུང་གི་གོད་ཆག་ཐད་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་དོ་སྣང་ཆེ་རུ་འགྲོ་བའི་སྐབས་འདིར། འཇིག་རྟེན་མི་ཆོས་ཀྱི་ཐོག་ནས་ཀྱང་རྒྱ་ནག་གུང་ཁྲན་གཞུང་དེ་ཐའེ་ཝན་གོ་མན་ཏང་གཞུང་ལས་ཆེས་ཉམ་ཞན་ཡིན་པར་མངོན་གསལ་དོད་པོ་ཆགས་རྒྱུ་ཡིན་པ་སོགས་རེད།
ཡང་སྒྲུབ་ཕྱོགས་ནས་བཤད་པ་ཡིན་ན།
༡།ད་རེས་༧གོང་ས་མཆོག་གདན་འདྲེན་ཞུས་པ་ཡིན་ན། ཛ་དྲག་རང་གི་ངོ་བོའི་ཐོག་ནས་གདན་འདྲེན་ཞུས་པར་བརྩིས་ཏེ། ཆུང་ས་ནས་བཤད་ན་ཡང༌ཕེབས་བསུའི་རིམ་པ་དང་བཞུགས་གདན་རྒྱག་སྟངས་སོགས་ཀྱི་རྩོད་རྙོག་དེ་ཡང་དགོས་དོན་མེད་པ།
༢།ད་རེས་༧གོང་ས་མཆོག་གདན་དྲེན་ཞུས་པ་ཡིན་ན། གལ་ཏེ་རྒྱ་ནག་གི་དཔོན་རིགས་ཚོར་འདོད་པ་མེད་ཕྱིན། ཛ་དྲག་དང་བསྔོ་སྨོན་ཁོ་ནའི་ཆེད་ཡིན་པས་ཐུག་ཕྲད་སྐབས་ཀྱང་གནད་དོན་གཞན་དག་གླེང་མི་དགོས་པ།
༣།ད་རེས་༧གོང་ས་མཆོག་གདན་འདྲེན་ཞུས་པ་ཡིན་ན། ༧གོང་ས་མཆོག་དང་ངོ་ཐུག་བྱུང་བ་དེས་རྒྱ་ནག་གི་དཔོན་རིགས་ཚོར་མ་འོངས་པར་ཏཱ་ལའི་བླ་མ་ལ་ཚོད་འགམ་ཐུབ་རྒྱུའི་ཕན་ཐོགས་ངེས་ཅན་ཡོད་པ།
༣།ད་རེས་༧གོང་ས་མཆོག་གདན་འདྲེན་ཞུས་པ་ཡིན་ན། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མི་ཆོས་ཀྱི་གཟུགས་བརྙན་ཡག་ཏུ་འགྲོ་ཐུབ་པ་སོགས། གོང་ཞུས་དགག་ཕྱོགས་ཀྱི་སྐྱོན་དེ་དག་ལས་ལྡོག་གི་ཡོད་པ་རེད།
འཕྲོས་རྗེས་མར་གཟིགས།
Subscribe to:
Post Comments (Atom)

0 comments:
Post a Comment