Saturday, May 15, 2010

ཇ་སྟག་བར་གྱི་གཏམ་རྒྱུད། ལེའུ་བཞི་པ།


ཆོས་ཀྱིས་ཕུང་བའི་ཆོས་བློན་གདུང་རྒྱུད་ཅིག།
ཆོས་ལ་མ་དད་ཆོས་མིན་ལས་སུ་ཞུགས།།
ཆོས་རྗེའི་ནོར་བརྐུས་ཆོས་སྲུང་བཀའ་ཆད་ཕོག།

མེ་ཏོག་རྣམ་པར་བཀྲ་བའི་དབྱར་ཟླ་ཐ་ཆུང་གི་ཉིན་ཞིག་ལྡིང་དཔོན་ཚང་གི་མཛོ་བརྒྱ་གུར་ཁྲ་མའི་ནང་དུ་འབྲོང་ཐུབ་འ་རྫིག་སོགས་ཕོ་རྒོད་དུ་མ་ཞིག་འཛོམས་ནས་ཞིམ་པོའི་ཇ་ལ་ཧུབ་འཐུང་དང་། སྐྱུར་མོའི་ཆང་ལ་སྐྱེམས་འཐུང་། དཀར་པོའི་མར་ལ་ཞིམ་ཟ། ཁྲ་བོའི་ཐུད་ལ་ཁམས་ཟ་བྱས་ནས་དགྱེས་སྟོན་ལ་རོལ་བཞིན་ཡོད་ལ། ཆབ་མདོ་གྲོང་ཁྱེར་དུ་ལྡིང་དཔོན་ཚང་གི་ཉོ་བཅའ་བརྒྱབ་པར་སོང་བའི་ཨ་ཁྲིམས་འགུ་ལུ་སྣ་གཙོས་ཨ་ཕྲུག་གསུམ་ནས་རྟ་ཁལ་བཅུ་ཙམ་ཞིག་ལ་མཁོ་དགུའི་བཅའ་དངོས་ཙག་ཙིག་རྣམས་འགེལ་ཏེ་ཕྱིར་འཁོར་ནས་ཡོང་།

ཕྱིར་འཁོར་བའི་མི་གསུམ་པོས་ཇ་འཐུང་ལོང་མེད་ཅིང་མར་སྡོད་ལོང་ཡང་མེད་པར་ཨ་སྟ་མས་སྤྲུལ་སྐུ་ཚང་གི་(ལྕགས་ར་སྤྲུལ་སྐུའི་བླ་བྲང་ལ་མི་ཚོས་སྤྲུལ་སྐུ་ཚང་ཟེར)ཆིབས་རྟ་བརྐུས་ནས་ཡོང་སྐབས་གདུང་མདོ་གཞུང་ནས་ར་མདའ་བས་རྗེས་ཆོད་དེ་གྲི་བརྒྱབ་ནས་ཤི་མིན་རོ་མིན་བཟོས་ནས་གཡུགས་འདུག་པ་དང་། ཚུལ་དེ་ཡུལ་མི་ཚོས་ཤེས་འཕྲལ་སྙིང་རྗེ་སྐྱེས་ཏེ་ཚུར་ཁུར་ཡོང་ནས་ད་ལྟ་ཕུ་རག་རི་ཁྲོད་ཀྱི་དགོན་པའི་ལྕམ་འོག་ཏུ་བཞག་འདུག །ང་ཚོ་བལྟ་བར་འགྲོ་སྐབས་ཕལ་ཆེར་གསོན་པའི་རེ་ཐག་ཆད་པ་ལྟར་དུ་སྣང་། ཁོ་རང་གིས་ཟེར་ན། ངའི་གནས་ཚུལ་ཆ་ཚང་ལྡིང་དཔོན་ལ་ཞུ་རོགས་ཟེར་གྱི་འདུག །ང་ཚོས་བཟའ་ཆས་དང་གྱོན་གོས་སོགས་བཞག་ནས་རི་ཁྲོད་དེའི་དཀོན་གཉེར་ལ་ལྟ་རྟོགས་བྱེད་རྒྱུ་མངགས་ཡོད། གལ་ཏེ་གྲོགས་པོའི་ལ་རྒྱར་རྩིས་ནས་ལྟ་བར་འགྲོ་བསམ་ཚེ་མྱུར་བར་སོང་ན་མ་གཏོགས་ངོ་འཕྲད་ཐུབ་མིན་ཉིས་སོ་རེད། ཅེས་ཡུས་དང་བཅས་ཁོང་ཚོ་ཁ་སུ་མགྱོགས་ཀྱིས་བཤད།

ཚུལ་དེ་གོ་བ་དང་ལྡིང་དཔོན་ངང་ནི་ཧང་སང་ཞིང་། ཨ་ཁ། ཞེས་ཕངས་སེམས་དང་སྐྱོ་སྣང་ཆེན་པོ་སྐྱེས་ཤིང་། དེར་ཡོད་ཕོ་རྒོད་རྣམས་ཀྱང་ཨ་སྟ་དང་གྲོགས་པོ་ཡིན་པའམ་གང་ལྟར་ཨ་སྟ་ངོ་མི་ཤེས་མཁན་གཅིག་ཀྱང་མེད་པས་ཚང་མའི་ཁ་ནས་རང་དབང་མེད་པར། ཨ་ཁ། ཞེས་མཉམ་དུ་སྨྲེ་ངག་འདོན། ལྡིང་དཔོན་ནས། ད་རེས་ཁོ་ལ་བྱུས་ཉེས་བྱུང་དུས་ངས་མ་སྐྱོབ་ན་དེ་ནི་གྲོགས་པོ་ཁྲེལ་མེད་རེད། ཁྱོད་ཚོ་མི་གསུམ་གྱི་ནང་ནས་གཅིག་ཁོའི་འཁྲིས་སུ་ལྟ་གཏོགས་བྱེད་པར་མ་བསྡད་པ་ནི་ཐབས་སྡུག །ང་གཉིས་ངོ་ཤེས་གྲོགས་པོ་ཆགས་པ་ནས་བཟུང་ཕན་ཚུན་བློས་འགེལ་ཆ་འཇོག་བྱེད་ཀྱིན་ཡོད། ཁོའི་མི་ཚེ་ནང་ད་རེས་ཀྱི་ཆག་སྒོ་དེ་ནི་ཆེ་ཤོས་ཡིན་གྱི་རེད། ང་རང་མགྱོགས་པོར་བལྟ་བར་འགྲོ་གི་ཡིན་པས་གྲོགས་པོ་ཚོ་ལྷོད་པོར་བཞུགས་རོགས། འཆི་གསོན་གང་ལྟར་ཡང་གང་མྱུར་མི་གླས་ནས་འདིར་ཁུར་ཐུབ་པ་བྱེད་ཀྱི་ཡིན། ཞེས་བཤད།

ཁོང་གིས་གྲོགས་པོར་བཅངས་པའི་ལ་རྒྱ་དེས་མི་རྣམས་སེམས་འགུལ་ཆེན་པོ་ཐེབས་ནས་ཕོ་རྒོད་ཚང་མས་མགྲིན་གཅིག་ཏུ། མི་གླ་དགོས་དོན་མེད། ང་ཚོ་ཚང་མ་འགྲོ་ནས་ཁུར་ཡོང་ངོ་། ཞེས་བཤད། ལྡིང་དཔོན་ནས། ཁྱེད་རྣམས་ཕེབས་མི་དགོས། ཕེབས་པ་དང་ཁྱད་པར་ཅི་ཡང་མེད། འདི་ནས་ཕར་མི་མང་པོ་སོང་ནས་མི་རྩ་རོ་བདག་ཡོད་མདོག་བྱས་ན་སྤྲུལ་སྐུ་ཚང་གིས་ཅི་དགོངས་མིན་ཡང་མི་ཤེས། དེ་ལས་ཕར་ཀའི་ཡུལ་མིི་གླས་ནས་ཁ་ཁར་ཁུར་བཅུག་ན་བཟང་། ཞེས་བཤད་པས་དེ་ཡང་མི་བདེན་རྒྱུ་མི་འདུག་སྙམས་ནས་ཨུ་ཚུགས་རྒྱག་མཁན་མ་བྱུང་། འོན་ཀྱང་འ་རྫིག་ནས། སྤྲུལ་སྐུ་ཚང་གིས་ཅི་ཞིག་དགོངས་མིན་བལྟ་བསྡད་རྒྱུ་ཅི་ཡོད། ང་ཚོ་ཁ་ཤས་ཤིག་འགྲོ་ནས་མེ་འབར་ཤུལ་ལ་ཐལ་བ་མེད་པ་ཞིག་བཟོ་ནས་བཞག་གོ །ཞེས་བཤད་པས་མི་ཚོ་ཧང་སང་བའི་ངང་སྤྲུལ་སྐུ་ཚང་ལ་ཁ་གཏོང་རྒྱུ་མེད་ལུགས་དང་། བླ་མ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ཚུལ། ཨ་སྟ་ཡིས་རྐུན་སྣ་གཏད་པ་དེས་སྲུང་མའི་བཀའ་ཆད་ཕོག་པ་ཡིན་སྲིད་པའི་སྐོར་སོགས་མང་པོ་ཞིག་བཤད་དེ་ཁ་ཏ་བསླབ་བྱ་བྱས་ཤིང་། ཁོང་ཚོས་སྤྲུལ་སྐུ་ཚང་ལ་བཅོལ་བའི་དག་སྣང་དང་དད་སེམས་དེས་འ་རྫིག་རང་ཉིད་ནི་གནས་ལུགས་མི་ཤེས་མཁན་ལྟ་བུ་ཞིག་ཏུ་གྱུར་པའི་ཚོར་སྣང་བྱུང་ནས་ཅི་ཡང་མ་བཤད་པར་བསྡད།

དེ་ནས་ལྡིང་དཔོན་གྱིས་མྱུར་དུ་རྟ་རྣམས་བསྐོང་པ་དང་འགྲོ་ཆས་གྲ་སྒྲིག་བྱེད་དུ་བཅུག་སྟེ་གཡོག་པོ་གཅིག་དང་བཅས་འཕྲལ་མར་རྡོག་ཐོན་བྱས་པའི་སྐོར་འདིར་མ་བཤད་པར། དང་པོ་ཨ་རྟའི་འབྱུང་ཁུངས་དང་དེ་ལྟར་བྱུས་ཉེས་ཕོག་པའི་སྐོར་གླེང་ན། ཁྲམ་པ་ཨ་སྟ་མ་ནི་མངའ་བདག་ཁྲི་རལ་སྐབས་ཀྱི་གྲུ་བོད་དམག་འཁྲུག་ནང་གི་ངོམས་ཀྱི་སྟག་ར་གཡུལ་རྒྱལ་ཞེས་པའི་དམག་དཔོན་སྐད་གྲགས་ཅན་དེའི་མི་རྒྱུད་ཡིན་ཅིང༌། དེ་ནས་ཀྱང་ཡར་དེད་ན། ཆོས་རྒྱལ་ཀྲི་སྲོང་ལྡེའུ་བཙན་སྐབས་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ལེན་མི་དམག་པོ་སྟག་སྒྲ་ཀླུ་ཁོང་གི་རྒྱུད་པ་ཡིན་ཀྱང་། དུས་ཀྱི་འཕོ་འགྱུར་ལས་བར་སྐབས་ནས་ཁྱིམ་ཚང་ནི་དབུལ་ཕྱུག་གི་མཐའ་གཉིས་སུ་མ་ལྷུང་བའི་འབྲིང་ཙམ་ལས་མེད། ཁྱིམ་ཚང་གི་མིང་ནི་སྟག་ར་ཡིན་པ་བཞིན་ཁོང་གི་མིང་ངོ་མ་ནི་སྟག་ར་ཨ་ཆུང་ཡིན་ཀྱང་ཡུལ་དེའི་མི་ཚོས་གཅེས་མིང་གི་ཚུལ་དུ་ཨ་སྟག་ཅེས་བསྡུས་ཏེ་བོས་ཤིང་། མགོ་བོའི་དབྱིབས་སྟ་རེའི་ངོས་ལྟར་ཅུང་ཟད་འཇོང་འཇོང་ཡིན་པས་འཕྱ་ལོད་ལ་མཁས་པའི་མི་ཚོས་ག་ལེར་སྟག་གི་རྗེས་འཇུག་ག་ཡིག་བསྡུས་ཏེ་ཨ་སྟ་དང་འགའ་རེས་ལྐོག་ཏུ་ཨ་སྟ་མ་སྟ་རེ་མགོ་ཞེས་འབོད།

ཁོ་ཡི་ཕ་མ་གཉིས་ལ་བུ་རྒྱུད་ཁོ་གཅིག་པུ་ལས་མེད་པས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་ཤིན་ཏུ་གཅེས་པར་འཛིན་བཞིན་ཡོད། གཟུགས་པོ་རིང་ཐུང་སྙོམས་ཞིང་དཔུང་པའི་ཤེད་ཤུགས་གཞན་ལས་ཆེ། གཞས་དང་ཞབས་བྲོ་མང་པོ་འཁྲབ་ཤེས་པ་མ་ཟད་སྐད་ཀྱང་སྙན་པས་མི་རྣམས་ཡིད་དབང་འཕྲོག་བཅུག་གི་ཡོད། འོན་ཀྱང་འཛིང་མོ་ལ་དགའ་ཞིང་གྲི་རྩལ་མཆོག་ཏུ་མཁས་པས་ཁྲག་དོན་པར་མི་དགའ་བའི་མི་རྣམས་ཁོ་ལས་་གཡོལ་ཏེ་འགྲོ།

ཨ་རྟ་ཚང་ནི་སྔར་ཆབ་མདོའི་ཡུལ་གྲུ་དེ་ལ་ངོམས་ས་སྒང་སྡེ་པ། རྫ་གྱིང་ཐང་སྡེ་པ། ཤར་ཐང་མགོ་སྡེ་པ་ཟེར་བ་སོགས་སྡེ་པ་བཅུ་གྲངས་ཤིག་ཡོད་པའི་ནང་ནས་ངོམས་ས་སྒང་སྡེ་པ་ཟེར་བའི་ཁོངས་སུ་གཏོགས། སྡེ་པ་ཟེར་བ་ནི་དཔལ་ཇོ་བོའི་བསྟོད་པ་ལས། ཁ་བ་ཅན་གྱི་ལྗོངས་སུ་བྱོན་ནས་ཀྱང་།། སྡེ་པ་མི་ཆེན་རྣམས་ཀྱི་བླ་མ་མཛད།། ཅེས་གསུངས་པ་ལྟར་མི་ལོ་དགུ་བརྒྱའི་ཡར་སྔོན་བོད་འདི་སིལ་བུར་འཐོར་སྐབས་སུ་མི་དབང་བཙན་པ་རྣམས་ཀྱིས་རང་འཚམས་ཀྱིས་རྒྱལ་ཕྲན་བཙུགས་ཤིང་ལུང་ཚན་བཅད་བཟུང་བྱས་ཏེ་དབང་རིས་བདག་ཐོབ་རྩོད། དམག་མི་དང་ཡུལ་སྡེ་མང་ཙམ་མངའ་ཞིང་རྒྱལ་ཁབ་ཀྱི་མཚན་ཉིད་གང་འཚམས་ཡོད་པ་ལ་སྡེ་པ་དང་། རྒྱལ་ཕྲན་གྱི་ཆ་རྐྱེན་དེ་ཙམ་མེད་པའི་ཚོ་དཔོན་རྣམས་ལ་མི་ཆེན་ཞེས་ཟེར།

ངོམས་ས་སྒང་སྡེ་པ་ནི་བོད་བཙན་པོའི་རྒྱུད་པ་གཉིས་མདོ་ཁམས་སྨད་ཕྱོགས་སུ་ཡོང་ནས་རྒྱལ་ཕྲན་བཙུགས་པའི་ནང་གི་གཅིག་ཡིན་ཟེར་སྲོལ་ཡོད་ལ། བོད་ཀྱི་ལྷ་ཆེན་པོའི་གདུང་རྒྱུད་དྲི་མ་མེད་པ་ཡིན་པས་ན་ངོམས་ལྷ་གདུང་ངམ་ལྷ་གདོང་དཀར་པོ་ཞེས་ཀྱང་གྲགས། འགའ་ཞིག་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ཡི་བློན་པོ་ཁམས་པ་རླངས་ཀྱི་གོ་ཆའི་རྒྱུད་པ་ཡིན་ཀྱང་ཟེར། གང་ལྟར་སྟོབས་འབྱོར་ཆེ་ལ་སྙན་གྲགས་ཅན་ཞིག་བྱུང་སྟེ་མངའ་ཁོངས་ལ་ཡང་ངོམས་སྡེ་ཁྲི་མང་མ་ཞེས་མི་ཁྱིམ་ཁྲི་ཕྲག་མང་པོ་ཡོད་ཅིང་། ངོམས་རྒྱལ་ཆེན་བཅོ་བརྒྱད་ཅེས་རྩིས་ན་ཤར་རྨ་འབྲི་གཉིས་ལ་མཚམས་བྱས་པ་ནས་ནུབ་ཀྱི་བྱང་རིགས་སྡེ་བཞི་དང་ཚོ་པ་སོ་དགུ་ཡོངས་རྫོགས་ངོམས་ཀྱི་་ཁོངས་སུ་འདུ་ཟེར།

འོན་ཀྱང་དང་པོ་ཨོ་རྒྱན་པདྨས་བྱིན་གྱིས་བརླབས་ཤིང་བར་དུ་འཇམ་མགོན་བླ་མས་ལུང་བསྟན་པ་ལྟར། ཞྭ་སེར་རིང་ལུགས་ཕྱོགས་མཐར་སྤེལ་བའི་བསྟན་པའི་དར་ཆེན་དྲུག་གི་ནང་ཚན་བྱང་སེམས་ཤེས་རབ་བཟང་པོས་བོད་ཤིང་སྦྲུལ་ཕྱི་ལོ་༡༤༣༧ ལོར་ཆབ་མདོ་དགེ་ལྡན་བྱམས་པ་གླིང་ཕྱག་བཏབ་པ་ནས་བཟུང་མཁས་གྲུབ་ཞང་ཞུང་པ་ཆོས་དབང་གྲགས་པ་དང་། ༧རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ། གྲུབ་ཆེན་ཨརྱ་དཱེ་ཝའི་རྣམ་སྤྲུལ་འཕགས་ཆེན་གོང་མ་རིམ་བྱོན་སོགས་གདན་རབས་མུ་ཏིག་གི་ཕྲེང་བ་དར་ལ་བརྒྱུས་པ་ལྟར་ཕེབས་ནས། འཆད་རྩོད་རྩོམ་གསུམ་གྱི་བཤད་པ་རྒྱས། མཁས་བཙུན་བཟང་གསུམ་གྱི་སྒྲུབ་པ་འཕེལ། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱིས་འཁོར་ལོས་དུས་འདའ་ཞིང་། མདོར་ན་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་ཐུབ་བསྟན་ཉིན་མོ་ལྟར་གསལ་བར་མཛད་པས་ན་མདོ་ཁམས་གྱི་ནཱ་ལེནྜ་ཆེན་པོ་ཞེས་ས་ཆེན་པོ་འདི་ཡོངས་སུ་བཅིངས་པའི་གྲགས་སྙན་གྱི་མུ་འཁྱུད་གནམ་གྱི་དགུ་ཚིགས་ཀྱི་མདངས་སུ་འཕོས་པ་ན། སྡེ་པ་དང་ཨ་ནུ། གནས་པོ་དང་དབོན་པོ་སོགས་རྒྱལ་ཕྲན་དཔོན་ཁག་མང་པོ་ཞིག་གི་མངའ་ཁོངས་མི་སྡེ་དང་བཅས་པ་ཆུ་བརྒྱ་ཟམ་འོག་གི་དཔེ་ལྟར་དགོན་པའི་ཆབ་འོག་ཏུ་འདུས།

ཕྱོགས་གཅིག་ནས་དེ་དག་ཆོས་ལ་དད་སྟོབས་ཆེ་བས་རང་གི་མངའ་འབངས་དང་བཅས་པ་དགོན་པར་ཕུལ་བ་དང༌། གཉིས་ནས་ཕན་ཚུན་རྩ་ས་རྩོད་གླེང་དང་དབང་རིས་བདག་ཐོབ་ཐད་འགྲན་རྩོད་ཟམ་མ་ཆད་པར་ཡོང་གི་ཡོད་སྟབས་སུ་ཞིོག་ལ་དགོན་པའི་རྒྱབ་སྐྱོར་རག་པ་དེར་རྒྱལ་ཁ་ཐོབ་རྒྱུ་ཡིན་པས་དགེ་འདུན་ལ་བསྙེན་བཀུར་རྒྱ་ཆེར་བྱེད་པ་དང་། དབྱར་ལ་ཞོ་མར་དང་། དགུན་ལ་མེ་ཤིང་སོགས་ཕུལ་ནས་རང་རང་ལ་རྒྱབ་སྐྱོར་ཐོབ་ཐབས་བྱས། རིམ་པས་དབང་མི་ལག་དང་སྐྲ་ཤིང་ལག་ཟེར་བའི་དཔེ་ལྟར་ད་བཟོད་དགོན་པ་ནི་སྡེ་པ་དཔོན་ཁག་ཐམས་ཅད་ལ་མངའ་དབང་བསྒྱུར་བའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གོང་མའི་ཕོ་བྲང་ཆེན་པོ་ཞིག་ཏུ་གྱུར་ཅིང་། དུས་ཚོད་བཟང་པོའི་ཇ་འདྲེན་དེ། སྐལ་པ་ངན་པའི་ཁྲལ་དུ་གྱུར། ཟེར་བའི་དཔེ་ལྟར་ཆུ་ངན་ལམ་བཤང་དུ་སོང་ནས་སྔར་དགོན་པར་བསྙེན་བཀུར་ཇི་ཞུས་དང་འབུལ་བ་ཇི་ཕུལ་གྱི་འཛིན་ཐོ་གཞིར་བཟུང་ད་ནི་ལོ་ལྟར་ཆད་མེད་དུ་སྤྲོད་འཇལ་དགོས་པའི་ཁྲལ་དུ་གྱུར།

ད་དུང་སོག་པོ་གུ་ཤྲི་ཧན་གྱིས་དགའ་ལྡན་ཕོ་བྲང་པར་རྒྱབ་སྐྱོར་གྱིས་བོད་ཀྱི་ས་སྡེ་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ཏེ་༧རྒྱལ་བ་ལྔ་པའི་ཕྱག་ཏུ་སླེབས་པ་ནས་བཟུང་། སྔར་གྱི་སྡེ་པ་དཔོན་ཁག་དེ་དག་གི་མངའ་ཁོངས་སྣོད་བཅུད་དང་བཅས་པ་གཏན་དུ་དགོན་པར་དབང་བའི་ལྔ་པའི་ཤེ་བམ། ༧བདུན་པའི་རྩ་ཚིགས། ༧བརྒྱད་པའི་མཇུག་གནོན་ཟེར་བའི་བཀའ་བརྟན་ལྕགས་བརྐོས་མ་དུ་མ་ཞིག་ཡོད་སྐད། དེ་ནས་བཟུང་ཆབ་མདོའི་མངའ་ཁོངས་ཀྱི་ས་སྡེ་མི་གསུམ་ཇི་ཡོད་དེ་སྒྲུབ་སྡེ་བརྒྱད་ཀྱི་གྲྭ་ཚང་བརྒྱད་དང་། ཨ་མཆོད་གྲྭ་ཚང་། དགེ་སློང་གྲྭ་ཚང་། རྣམ་རྒྱལ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་བཅས་ཁག་སོ་སོར་ཆ་བགོས་བྱས་ནས་གཉེར་ཁག་དང་མཆོད་ཁག་འགེལ་བ་དང་། དགོན་པའི་བྱེད་སྒོ་རྣམ་གསུམ་གྱིས་མཚོན་མཁོ་དགོས་ཡོ་བྱད་ཇི་དགོས་རང་ཁོངས་མི་སེར་ལ་ཁྲལ་འགེལ་ནས་བསྡུ་བར་བྱེད་ཅིང༌། ས་སྒང་སྡེ་པའི་ཁོངས་གཏོགས་དེའང་དུམ་བུ་མང་པོ་ཞིག་ལ་ཆ་བགོས་བྱས་སྟབས་ཨ་སྟ་ཚང་ནི་དུས་འཁོར་གྲྭ་ཚང་གི་མཆོད་གཞིས་ཁོངས་སུ་ཚུད་པ་ནས་ཁོའི་མེས་པོ་དང་ཡང་མེས་རྣམས་ཀྱིས་ཀྱང་གྲྭ་ཚང་དེའི་ཞབས་ཕྱི་བརྒྱུགས་པ་ཉུང་ཉུང་ཞིག་ཡིན་མི་སྲིད།

ཡོངས་རྫོགས་གངས་ཀྱིས་བཏུམ་པའི་ཡར་སྐྱེས་ཀྱི་རྩ་དང་མར་འབབ་ཀྱི་ཆུ་སོགས་གཅིག་ཀྱང་མཐོང་རྒྱུ་མེད་པར་ནམ་མཁའི་མདོག་ནི་རྫ་མའི་རྐུབ་ལྟར་ནག་རོག་གེར་མཆིས་ཤིང་། ཉིན་དེ་ནི་ཨ་སྟ་སྐྱེས་ནས་མི་ལོ་བཅུ་གསུམ་འཁོར་བའི་ཉིན་མོ་ཞིག་ཀྱང་ཡིན། ནག་པོ་ཡང་མིན་ལ་དཀར་རྒྱུ་ཡང་མེད་པའི་ཨ་སྟ་ཕ་མ་བུ་གསུམ་པོའི་གདོང་པ་གསུམ་དང་ལག་པ་དྲུག་པོ་མེ་ངོས་སུ་བསྟན་བཞིན་འཇིག་རྟེན་འདིར་མི་རྣམས་དབུལ་ཕྱུག་ཅི་བྱེད་ནི་གནམ་སྔོན་མོ་ཁོ་ནར་དབང་བའི་ཡིད་ཆེས་བྱས། ཉིན་དེར་དུས་འཁོར་གྲྭ་ཚང་གི་གཉེར་པ་གཉིས་དང་རྡོབ་རྡོབ་གཉིས་ཡོང་ནས་དྭ་ཡང་དཀར་པོ་རྡོ་ཚད་རེ་གཏུམ་པའི་དར་རས་དམར་པོའི་ཐུམ་བུ་གསུམ་སྤྲད་དེ། དུས་འཁོར་བའི་ལོ་གསུམ་རེའི་གཉེར་ཁག་དེ་ཁྱེད་ཚང་ལ་འགེལ་བ་རེད། ཅེས་ཟེར། པཱ་ཕ་ཧང་སང་ཞིང་ཧོན་འཐོར་བའི་ངང་ལུས་གུས་གུས་དང་ལྕེ་ནར་ནར་བྱས་ཏེ། ངེད་ཚང་ལ་དེ་ལྟའི་གཉེར་ཁག་ཁུར་ཐུབ་པའི་འབྱོར་པ་གང་ཡང་མེད་ངེས། གལ་ཏེ་དགེ་འདུན་ལ་བསྙེན་བཀུར་ཞུ་རྒྱུའི་ནུས་པ་ཞིག་ཡོད་ན་དེ་ནི་རང་རང་གི་ཚོགས་གསག་ཡིན་པས་དྭང་ལེན་མི་བྱེད་པ་ཅི་ལ་སྲིད། འོན་ཀྱང་དེ་འདྲའི་བསོད་ནམས་གསོག་པའི་སྐལ་བ་ཞིག་ལྟས་ངན་ང་ལ་མེད། གཞན་ཡང་རྒྱ་འགྲོ་དབུས་བསྐོར་ཐུབ་པའི་ཚོང་པ་ཞིག་ན་མི་སྐྱོན་མོད་ངེད་ཕ་བུ་གསུམ་ནི་ལུང་པ་འདི་ནས་བརྒལ་ཏེ་འགྲོ་མྱོང་མེད་པས་ཚོང་གི་ཉམས་མྱོང་ཡང་དེ་བས་མེད། ངས་བྱེད་ཐུབ་པ་ཞིག་ཡོད་ན་གྲྭ་ཚང་རིན་པོ་ཆེར་ཞབས་ཕྱི་ཞུ་དང་ཞུ། འདི་ནི་མི་ཁྱག་སྦལ་པ་ལ་ཚ་དང་མི་འཐུང་གྲོག་མ་ལ་ཆུ་ཟེར་བའི་དཔེ་ལྟར་ཐུགས་ཕན་སོས་པ་ཞིག་རྩ་བ་ཉིད་ནས་ཡོང་ཐབས་བྲལ་བས་ཅིས་ཀྱང་དགོངས་བཞེས་ཡོང་བ། ཞེས་ལག་གཉིས་ཐལ་མོ་དང་བཅས་ཏེ་ཞུས་པས། གཉེར་པ་གཉིས་ནས་ཁྱིམ་གྱི་སྦུགས་སུ་ཡར་ལྟ་མར་ལྟ་འགའ་བྱས་ཏེ་པཱ་ཕས་བཤད་པར་རྒྱུ་མཚན་ཞིག་མཐོང་བ་ལྟར་བྱས་ཀྱང་མཐའ་དོན། ཁྱོད་ལ་གནས་ལུགས་རྒྱུ་མཚན་དེ་འདྲ་བཤད་རྒྱུ་ཡོད་ན་གྲྭ་ཚང་གི་ཕྱག་མཛོད་ཁང་ལ་སོང་ནས་ཤོད། ང་ཚོ་ནི་མངགས་པའི་མི་དང་འཕངས་པའི་མདའ་ཟེར་བ་ལྟར་ཡོང་བ་ལས་ཐག་གཅོད་བྱེད་པའི་དབང་ཆ་གང་ཡང་མེད། ཅེས་བཤད་དེ་ཕྱིར་ལོག །

ཁོང་གསུམ་གྱི་གདོང་པ་ནི་དེ་ཉིན་གྱི་ནམ་མཁའི་མདོག་དང་མཚུངས་པར་ཇེ་ནག་ཏུ་གྱུར། མ་གཞི་པཱ་ཕ་རྩིས་འགྲོ་མཁས་པ་དེ་ཙམ་མེད་ཀྱང་ལམ་ཙམ་རགས་རྩིས་བྱེད་སྐབས། དུས་འཁོར་གྲྭ་ཚང་ནི་ལོ་རེ་ཟླ་བ་དྲུག་རེ་ལས་ཚོགས་ཀྱིན་མེད་པས་ལོ་གསུམ་ལ་ཟླ་བ་བཅོ་བརྒྱད་ལས་མེད་མོད། འོན་ཀྱང་བདེ་མཆོག་པ་དང་། དགྱེས་རྡོར་བ། དུས་འཁོར་བ་གསུམ་ནི་གྲྭ་ཚང་འབྲིང་ཁག་ཡིན་པས་གྲྭ་གྲངས་ལྔ་བརྒྱ་ནས་བརྒྱད་བརྒྱའི་བར་ཡོད་པ་དང་། ཟླ་བ་བཅོ་བརྒྱད་རིང་ཉིན་རེ་བཞིན་ཇ་ཐུག་ཕོར་པ་བཅོ་བརྒྱད་རེ་ནར་གཏོང་དགོས་པ་མ་ཟད། གཏོར་རྩམ། མཆོད་མར། མེ་ཤིང་། ཚ་དང་བཅས་པ་རྩི་སྐབས་རྡོ་ཚད་གསུམ་གྱི་སྐྱེད་ཀ་ཕར་ཞོག་མ་རྩ་དང་བཅས་པས་ཀྱང་ཟླ་བ་གསུམ་འབུད་མི་ཐུབ་ཅིང་། ཁྱིམ་ཚང་གི་བཅའ་དངོས་ཡོངས་རྫོགས་ཚོང་བསྒྱུར་བྱེད་ཀྱང་ཟླ་བ་དྲུག་ལའང་འདང་ཐུབ་ཀྱིན་མེད་པ་ཤེས། གཉེར་ཁག་ཟེར་བའི་མིང་སྙན་པོ་དེ་ནི་ཁོང་གསུམ་ལ་མཚོན་ན་གདུག་རྩུབ་ཅན་གྱི་སྲིན་པོ་མི་ཟན་ཞིག་འཕྲད་པ་དང་ཁྱད་པར་ཅི་ཡང་མ་བྱུང་།

དེ་ནས་ཕ་དམ་པ་གྲྭ་ཚང་གི་ཕྱག་མཛོད་ཁང་ལ་བཅར་ནས་གནས་ལུགས་བསེད་དཀྲོལ་ཇི་ལྟར་བྱས་ཀྱང་། རྒྱལ་པོའི་བཀའ་ལ་ཡར་ལྡོག་དང་། རི་གཟར་རྦབ་ལ་གྱེན་ལྡོག་མེད། ཟེར་བའི་དཔེ་ལྟར་ཕན་ནུས་ཅི་ཡང་མ་ཐོན། ཁྲལ་སོད་ཐུབ་ཙམ་ཞིག་དང་མིང་ཆད་ལས་གཡོལ་ཐུབ་ཙམ་ཞིག་གི་འཆར་གཞི་མང་པོ་ཞིག་འཐེན་ཡང་བློ་ཁ་ཁེངས་པའི་ཐབས་ལམ་ཞིག་མ་བརྙེད་པའི་མུར་ཟླ་བ་གཉིས་གསུམ་ཡོལ་ཟིན། དུས་ཚོད་ཇི་ཙམ་འགྲོ་བ་དེ་ཙམ་གྱིས་འཆི་བདག་གི་དྲུང་དུ་འགྲོ་ཡི་ཡོད་པའི་སྣང་བ་འཆར་ནས་ལྕགས་སྲེག་གི་ས་གཞིའི་སྟེང་དུ་བསྡད་པ་ལྟར་དུ་གནས། མཐར་པཱ་ཕའི་སེམས་ལ་འགྲོ་ཆགས་ཉལ་འདུག་ཐམས་ཅད་དུ་དེ་ཁོ་ན་ཡིད་ལ་འཆར་ནས་ཟས་ཀྱང་མིད་པར་མི་འགྲོ་བར་ཉལ་སར་ལུས་ཏེ་སྨན་སྟེར་རིམ་གྲོ་ཇི་ཙམ་བྱས་ཀྱང་མ་ཕན་པར། དགོན་པའི་མ་ཐེབས་འདི་ང་ཚོ་ནང་བཞིན་སྐྱེ་བོ་གྲངས་ལས་འདས་པ་ཞིག་གི་དཀའ་སྡུག་གི་ཁྲག་དང་མིག་ཆུ་ལས་བྱུང་བའི་དཀོར་ནག་ལྕགས་ཀྱི་ཐོ་ལུམ་འབར་བ་ཞིག་ཡིན་པས་ང་ཚོའི་རྩིབས་མར་མ་འབྱར་བ་བྱོས། ཞེས་ཁ་ཆེམས་དང་བཅས་ཚེ་ལས་འདས། ཤི་བའི་མི་ལ་ལང་རྒྱུ་མེད། གལ་སྲིད་ལང་ཡང་དགའ་རྒྱུ་མེད། ཟེར་བའི་དཔེ་ལྟར་ཕ་དམ་པ་གཏན་དུ་ལང་མི་ཐུབ་པ་ཤེས་རྗེས་ཁོང་མ་བུ་གཉིས་ནས་སེམས་སྡུག་ཆེན་པོས་ངུ་འབོད་བྱེད་བཞིན་འདས་མཆོད་ཀྱི་བྱ་བ་རྣམས་གྲུབ་པར་བྱས།

ཨ་མས་དོན་དེ་དགོན་པའི་སྙན་དུ་གསོལ་ཏེ་གཉེར་ཁག་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་ཞུ་བར་འགྲོ་རོགས་ཞེས་ཉེ་འབྲེལ་གྲོང་པ་མི་ཉུང་བ་ཞིག་ལ་ཞུ་བསྐུལ་བྱས་ཀྱང་། དེ་ཚོས་ཁོང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་གཞན་པའི་རོགས་ཕན་གང་ཡོང་བྱེད་པ་ལས་དོན་དེ་རྔོ་མི་ཐོགས་པར་ཤེས་ནས་ཁས་ལེན་བྱེད་མཁན་གཅིག་ཀྱང་མ་བྱུང་། དེར་བརྟེན་ཁོང་མ་བུ་གཉིས་ནས་ཕ་གྲོངས་པའི་སེམས་སྡུག་དང་གཉེར་ཁག་གི་སྐྲག་སྣང་གཉིས་ཀྱིས་བཅུར་རྡུང་བྱེད་པར་མ་བཟོད་པར་ས་མཐའ་མེད་གཅིག་ལ་བྲོས་བྱོལ་འགྲོ་རྒྱུར་སེམས་ཐག་བཅད་ནས་བསྡད། ཞེ་དགུ་ཚང་བ་དང་མཚན་མོ་ཞིག་ལ་གཟི་བྱུར་དང་ཟ་ཆས་གྱོན་ཆས་ཡག་པའི་རིགས་ཉུང་ཤས་ཤིག་རྡོག་ཁྲེས་བརྒྱབ་ནས་རྟ་གཅིག་ཡོད་པ་དེ་ལ་བཀལ། མ་ཐེབས་རྡོ་ཚད་གསུམ་པོ་དེ་ཕ་དམ་པས་ཤིང་གི་སྒམ་ཆུང་ཞིག་ནང་བཅུག་ནས་ཡོད་པར་ཁུར་བ་ལྟ་བཞག་ཐུག་ཀྱང་མ་ཕོད་པར་ག་ལེར་རྡོ་ལེབ་ཞིག་གིས་མར་མནན་ནས་བཞག །སྒོ་གཟེར་གྱིས་གཅག་སྟེ་ཨ་མས་བུ་ཆུང་གི་ལག་པ་ནས་འཇུས་ཏེ་མིག་ཆུ་ཕྲེང་ཐག་ཆད་པ་ལྟར་གཏོར་བཞིན་ས་ཁང་སྒོ་ཕྱུགས་ཡོངས་རྫོགས་བློས་བཏང་ནས་མི་ལྟ་བཞག་ཁྱིས་ཀྱང་མ་ཚོར་བ་བྱས་ཏེ་ནུབ་ཕྱོགས་སུ་གོམ་བགྲོད་བྱས། དགོན་པས་དོན་དེ་ཤེས་རྟོགས་བྱུང་ཡང་མ་ཐེབས་རྡོ་ཚད་གསུམ་པོ་དེ་བསྡད་ཡོད་པ་དང་། ས་ཁང་སྒོ་ཕྱུགས་རྣམས་ཀྱང་བདག་རྒྱུ་བྱུང་བས་ད་ནི་བྱེ་མ་བཙིེར་ཡང་སྣུམ་འབབ་རྒྱུ་མེད་པར་ཤེས་ནས་བདའ་འདེད་བྱེད་མཁན་མ་བྱུང་།

མཐར་ལྷ་ལྡན་དུ་སླེབས་རྗེས་ཇོ་ཤཀྱ་རྣམ་གཉིས་དང་གདན་ས་ཆེན་པོ་གསུམ་ལ་སོགས་པར་མཆོད་འབུལ་ཕྱག་བསྐོར་མང་དུ་ཞུས་ཤིང་། ཕ་དམ་པས་ཐོག་དྲངས་མཁའ་ཁྱབ་སེམས་ཅན་ཐམས་ཅད་དལ་རྟེན་རིམ་བརྒྱུད་ཀྱིས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་སྨོན་ལམ་བཏབ། ད་དུང་བསྐྲུ་ལས་གླ་ལས་བྱེད་བཞིན་ནུབ་ཀྱི་གངས་དཀར་ཏི་སེ་དང་བྱང་གི་གནམ་མཚོ་ཕྱུག་མོ། ཤར་གྱི་ལྷ་མོའི་བླ་མཚོ་དང་ལྷོ་ཡི་མི་ལའི་གསེས་མཁར་སོགས་གནས་རི་སྦས་ལུང་རྣམས་བསྐོར་བཞིན་ལོ་ངོ་གཉིས་གསུམ་སོང་མཚམས། ཉིན་ཞིག་ཟུག་གཟེར་གང་ཡང་མེད་པར་སྐྱེས་མ་དྲིན་པོ་ཆེ་དེ་ཡང་བྱང་རྭ་སྒྲེང་གི་ཉེ་འདབས་སུ་ཚེ་ལས་འདས། ཨ་སྟ་ནི་གདུང་བའི་ངུ་འབོད་དྲག་པོ་བྱས་ནས་དྲན་མེད་དུ་བརྒྱལ། ཡུལ་མི་ཚོས་ཁོ་ལ་སྙིང་རྗེ་སྐྱེས་ནས་སྐྱེས་མའི་སྐུ་ཕུང་དུར་འཇུག་བྱེད་རོགས་བྱས་ཤིང་ཨ་སྟ་རང་ཉིད་རྭ་སྒྲེང་དགོན་པར་གྲྭ་པ་བྱས་ནས་བསྡད་ན་ཡག་པོ་ཡོད་ལུགས་བཤད། འོན་ཀྱང་ཨ་སྟས་རང་གི་ཁྱིམ་རྒྱུད་ལ་དེ་འདྲའི་ཆག་སྒོ་ཕོག་པའི་འབྱུང་རྩ་ཡོངས་རྫོགས་དགོན་པ་དང་གྲྭ་པས་བྱས་པའི་ཚོར་སྣང་བྱུང་ནས་དགོན་པར་བསྡད་འདོད་མེད་པར་ལྷ་སར་ཕྱིར་ལོག །

ལྷ་ལྡན་དུ་སླེབས་ཀྱང་གར་འགྲོ་འདིར་འགྲོ་མེད་རྐྱེན་མཚན་མོ་སྤྲང་ཚང་དུ་འཚངས་ཤིང་ཉིན་མོ་སྲང་ལམ་དུ་སློང་མོ་བརྒྱབ་ནས་འཚོ་ཐབས་བྱས་ཤིང་། ཚེ་འདི་ལ་རྐུན་མ་མ་དྲན་ཏེ་། རྒྱུ་མེད་ན་མ་བརྐུས་ཀ་མེད་རེད། ཟེར་བའི་དཔེ་ལྟར་སློང་མོ་གཅིག་པུས་གྲོད་པ་རྒྱགས་ཐབས་མེད་སྟབས་ཁྲོམ་གཟིགས་ཁང་དང་སྲང་ལམ་རྣམས་ནས་ཅ་དངོས་ཙག་ཙིག་རིགས་རྐུ་མ་རྒྱག་འགོ་བཙུགས་ཤིང་དེས་རྐྱེན་པས་ཉེས་རྡུང་ཡང་ཐེངས་མང་གཟེད་དགོས་འཁེལ།

ད་ནི་ཨ་སྟ་རིམ་པས་འཚར་ལོང་བྱུང་ནས་སྟག་ངར་མ་དང་འདྲ་བའི་དཔའ་རྩལ་ལྡན་ལ་ཁྲ་དར་མ་དང་འདྲ་བའི་སྤྱང་དྲུང་འཛོམས། ཁོས་སློང་བ་ལས་རྐུ་བ་དང་། རྐུ་བ་ལས་འཕྲོག་པ་ཁེ་ཆེ་བའི་སྡོམ་ཚིགས་ལ་དབུ་ཁྱུད་འབྲི་འགོ་བརྩམས་ཏེ་སྲང་ལམ་དང་བསྐོར་ལམ་རྣམས་སུ་མི་རྐྱང་དུ་མ་ཞིག་གི་ལག་ནས་དངུལ་དངོས་དང་རྒྱན་ཆའི་རིགས་འཕྲོག་བཅོམ་བྱས། དོན་རྐྱེན་དེས་རི་ལ་བྲོས་བྱོལ་འགྲོ་དགོས་ཤར་ནས་འབྲི་གུང་འཕོ་བ་རྫ་འགག་དང་། མལ་དྲོ་ཤ་བ་སྤོམ། དྭགས་པོ་རྒྱ་ཚ་སོགས་སུ་ལོ་ངོ་དུ་མའི་རིང་འཕྲོག་བཅོམ་བྱས་ནས་བསྡད།

ཐེངས་གཅིག་ཁོ་པ་ཆབ་མདོར་སླེབས་ཤིང་ཅི་འདྲའི་སྟོབས་འབྱོར་ཆེ་བ་ཞིག་ལ་རྒྱ་གར་ནས་དོན་པའི་ཆུ་ཚོད་རི་ལི་ཁེ་དྲེལ་རྒྱབ་གཅིག་ཡོད་པ་རེད་ཟེར། ཆུ་ཚོད་དེ་འདྲ་མང་པོ་ཞིག་ཇི་ལྟར་ཐོབ་ཡོད་པ་ཁོས་ཀྱང་སུ་ལའང་གསལ་བཤད་བྱེད་མྱོང་མེད་ལ། ཚོད་དཔག་ཙམ་ལས་་གནས་ཚུལ་ངོ་མ་ཞིག་སུས་ཀྱང་ད་བར་ཤེས་ཀྱི་མེད། སྐབས་དེར་མཱ་ཅང་རྩེ་ས་ནས་ལྡིང་དཔོན་ངང་དང་ངོ་ཤེས་འགྲོགས་འདྲིས་བྱུང་བ་ནས་ཕན་ཚུན་བློས་འགེལ་ཆ་འཇོག་བྱེད་པའི་གྲོགས་པོར་གྱུར། ཁོ་པ་འཛིང་མོ་ལ་དགའ་བའི་ཆབ་མདོར་བསྡད་རིང་ཆང་འཐུང་རྒྱན་རྩེད་བྱེད་སར་སྐུ་དྲག་དང་སྲས་སྐུ་ཞབས་མང་པོ་ཞིག་ལ་འཁྲུག་རྩོད་ཤོར་ཞིང་ཨ་ཁུ་དར་རྒྱས་དགོན་པའི་ཚོང་པ་ཞིག་ཀྱང་མི་གསོད་ལག་ཉེས་ཤོར། ལྡིང་དཔོན་ངང་ནས་འཁྲུག་པ་རྣམས་འདུམ་པ་དང་མི་བསད་ལ་སྟོང་འཇལ་བྱེད་པ་སོགས་ཀྱིས་གོང་འོག་ཀུན་ཏུ་སྐྱབས་རྟེན་བཙུགས་ནས་ཞུ་སྦྱོར་བྱས་རྐྱེན་ཁྲིམས་གཅོད་མ་འགེལ་ཙམ་བྱུང་ཡང་རྒྱུ་དངོས་ཕལ་ཆེར་རྫོགས་ལ་ཉེ།

དེ་ལྟའི་མུར་ད་ནི་སྔར་ལྟར་དངུལ་དངོས་ཕངས་མེད་དུ་སྤྱོད་རྒྱུ་མེད་ཅིང་སྔར་འདྲིས་གྲོགས་པོ་མང་པོ་ཞིག་རྒྱང་རིང་ནས་གཡོལ་ཏེ་འགྲོ་བ་ལྟར་མཐོང་ནས་རང་ཉིད་ཡུལ་པོའི་སྣང་བ་ཤུགས་ཆེར་བྱུང་ནས། ཁོ་པའི་སེམས་ནང་ལྡིང་དཔོན་དང་གྱེས་ཁར། ངེད་ཚང་སར་ཤོག །ཅེས་ཡང་ཡང་གསུངས་པ་དེ་ཡིད་ལ་དྲན་ཏེ་འགྲོ་སྙིང་འདོད་པ་ཞིག་བྱུང་། རྫ་ཟམ་བརྒལ་ཏེ་ཐོག་ཐུ་སྦུགས་ལ་སླེབས་པ་ན་ཤར་གྱི་ཁྲ་རྒོད་ལ་དེ་ནམ་མཁའི་མཐོངས་སུ་ཧ་ཅང་མཐོ་བ་དང་མདུན་གྱི་ལྕགས་སྤྲུལ་ཚང་གི་ཆིབས་རའི་ནང་རྟ་ཕོ་ཆེན་མང་པོ་ཞིག་བཏགས་ནས་ཡོད་པར་མཐོང་། ཁྲ་ཆུང་མིག་གིས་རྒྱུ་རིག་ན། གོང་དཀར་སེམས་ལ་འདྲེ་ཞུགས། ཟེར་བའི་དཔེ་ལྟར་རྟ་གཅིག་བརྐུས་ནས་ལ་མོ་རྒྱག་འདོད་སྐྱེས། དེར་བརྟེན་སླར་ཆབ་མདོ་གྲོང་ཁྱེར་དུ་ལྟག་ལོག་བརྒྱབ་སྟེ་མཚན་ཕྱེད་ཡོལ་བར་ཆང་ཁང་དུ་རྒྱན་རྩེད་རྩེས་ནས་བསྡད།

དེ་ནས་མཚན་ཕྱེད་ཡོལ་བ་དང་ག་ལེར་ལྕགས་སྤྲུལ་ཚང་གི་ཆིབས་རྭ་ནས་རྟ་ཕོ་ཆེན་སྤུས་ལེགས་ཤིག་བརྐུས་ཏེ་རྩལ་ཆེན་གྱིས་མདའ་འཕངས་པ་ལྟར་ཡོང་། ནམ་ལངས་པ་ན་སྟག་མ་ལའི་གཡས་ངོས་གདུང་མདོ་གཞུང་ཟེར་བའི་ནགས་ཚལ་སྟུག་པོ་དེའི་ཁྲོད་དུ་སྐུང་ས་བཟུང་བར་བསྐྱོད་ཅིང་། གོམ་པ་བཅུ་ཙམ་ཕྱིར་སོང་ནས་བལྟས་ན་རྟ་ཡི་རྔ་མ་ཙམ་ཡང་མཐོང་མི་ཐུབ་པའི་རྩི་ཤིང་སྟུག་པོ་ཞིག་གི་ནང་དུ་མི་རྟ་གཉིས་བཙན་གྱིས་འཛུལ་ཏེ། ད་ནི་ཉིན་གསལ་ཐང་དཀར་རྒོད་པོ་དང་མཚན་གསལ་འུག་པ་སེར་པོ་སུ་འདྲ་ཞིག་གིས་ཀྱང་མཐོང་མི་ཐུབ་ལ། མི་མགོ་ཕར་བཞག་ཁྱི་མཆུ་ཡིན་ཀྱང་ཤིང་ནགས་སྟུག་པོ་འདིའི་ནང་དུ་ཐར་མི་ཐུབ། ཅེས་ཆིག་ལབ་འགའ་བརྒྱབ་སྟེ་ཡུད་ཙམ་བསྡད་རྗེས་གློ་བུར་དུ་མན་ངག་ཅིག་དྲན་སོས་ཏེ། བརྐུས་པའི་དངོས་པོ་གཤོང་ལ་སྦོས། ར་མདའ་ཨི་བྱུང་སྒང་ནས་ལྟོས། ཟེར་བཞིན་ཤིང་ནགས་དེ་ཙམ་མེད་པའི་རིའི་ཟུར་སྒང་ཞིག་ཏུ་ཕྱིན་ཏེ་རྡོ་ལེབ་གཅིག་གི་སྟེང་དུ་བསྡད་མ་ཐག་གཉིད་དུ་ཡུར། ཁོའི་རྨི་ལམ་ནི་སྐྱེ་བོ་ཕལ་གྱིས་མཐོང་མྱོང་བའི་ལས་ཉོན་དང་རེ་དྭོགས་ཀྱིས་འཁྲབ་པའི་ལྟད་མོ་ཞིག་གཏན་ནས་རེད་མི་འདུག །

ཅང་མ་འགོར་བར་རྒྱང་རིང་གི་ས་ནས་ར་ནག་པོ་ཁ་ཤས་ཤིག་ཡོང་གི་ཡོད་པ་མཐོང་བས། ཁོའི་སེམས་ལ། ཉེ་འཁྲིས་འདིར་མི་ཚང་ཁ་ཤས་ཡོད་པ་མིན་ནམ། ར་རྫི་ཞིག་ཀྱང་ཡོད་སྲིད་པས་དེ་ལས་མགྱོགས་མྱུར་གཡོལ་ན་དགའ་སྙམ་ནས་ལངས་གྲབས་བྱེད་སྐབས་ར་དེ་རྣམས་མི་ནག་པོ་ལག་ན་ཁུས་མོ་དང་ཐོ་སྐམ་ཐོགས་པ་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ཏེ་ཁོའི་སྙིང་ཁ་ནས་བརྫིས་ཤིང་། ཁྱོད་ཀྱིས་ངའི་བླ་མའི་ཆིབས་རྟ་བརྐུས་པ་དེ་ནི་ལྷ་སྲིན་སྡེ་བརྒྱད་སུས་ཀྱང་བསམ་མི་ཕོད་པའི་ཅི་འདྲའི་ཧམ་ཆེན་ཞིག་མ་རེད་དམ། ངས་ཐོ་རིལ་དེ་ཁྱོད་ཀྱི་མགོ་ལ་བཞུས་ན་ནི་འཆི་བར་འགྱུར་བས་བླ་མའི་བཀའ་དང་འགལ། འོན་ཀྱང་ཉེས་ཅན་ཡན་པོར་བཏང་བ་ནི་ངའི་ལུགས་ལ་མེད་པས་རང་དགར་འཇོག་ཐབས་གཏན་ནས་མེད། ཅེས་ལྕགས་ནག་གི་སྐམ་པ་དེས་ལག་གཡས་པའི་འཁྲིག་མ་ནས་བཙིར་ཏེ་འཐེན་པས་སྐྲག་སྣང་དང་ན་ཟུག་གིས་ཁ་ནས་ཨ་ཚ་ཞེས་སྐད་ངན་ཤོར་བ་དང་མནལ་ལས་སད།

སྐབས་དེར་ཐོག་མའི་མིག་ལམ་དུ་མངོན་པ་ནི་མི་ཕོ་བཞི་ལྔ་ཞིག་གིས་ལག་ན་རལ་གྲི་འདོམ་པ་གང་ཙམ་རེ་བཟུང་ནས་རང་ཉིད་ཀྱི་མཐའ་བསྐོར་ནས་ཡོད་པར་མཐོང་། རྨི་ལམ་དང་མངོན་སུམ་ཅི་ཡིན་ཆ་མ་འཚལ་བ་ལྟ་བུས་མགོ་བོ་སྤྲུག་སྤྲུག་གཅིག་བྱས་ཏེ་ལྟ་ཡག་བྱས་པས་ད་གཟོད་རྟ་བརྐུས་པའི་ར་མདའ་བ་རྣམས་དངོས་སུ་སླེབས་པར་ཤེས། མི་དེ་ཚོས་མང་པོ་ཞིག་བཤད་ཀྱི་ཡོད་ཀྱང་ཁོ་ཡིས་གོ་བ་ནི། རྐུན་མ་དང་། ཁྱི་རྒན་ཟེར་བའི་ཚིག་དེ་གཉིས་རང་རེད། དངངས་སྐྲག་གིས་གློ་སྙིང་མཆིན་གསུམ་ཕྱི་ལ་དོན་ལ་ཁད་དུ་གྱུར་ཀྱང་། མ་གཞི་ནི་ཁོ་ནི་སྤྱང་དྲུང་འཛོམས་ལ་འཛིང་མོ་སྐྱེན་པ་ཞིག་ཡིན་སྟབས་མགོ་བོ་ས་ལ་བཙུགས་ཏེ་འདྲེལ་ལྡོག་རྒྱག་ཐེངས་གཅིག་གིས་ཁོང་ཚོའི་རྒྱབ་ངོས་སུ་སླེབས་ཟིན། འོན་ཀྱང་ཇི་ཙམ་བསྙབས་ཀྱང་སྐེད་ལ་གཟེར་བའི་རལ་གྲིའི་དཔའ་ལུང་ཟིན་མི་ཐུབ་པ་མ་ཟད་ལག་པ་དེའང་ཐུང་དུ་ཕྱིན་ཡོད་པའི་སྣང་བ་འཆར། ཞིབ་ཏུ་བལྟ་སྐབས་རང་གི་ལག་པའི་འཁྲིག་མ་དེ་དམར་ཛར་རེ་མངོན་པ་ལས་དེ་ཡན་གྱི་ལག་མགོ་ནི་མཐོང་ས་རིག་ས་ལ་བསྡད་མེད། སླར་ཡང་ཁོ་ལ་རྨི་ལམ་མམ་མངོན་སུམ་ཅི་ཡིན་མ་ཤེས་པའི་ཚོར་སྙང་གཉིས་པ་ཞིག་སྐྱེས་ཏེ་ཧོན་འཐོར་ནས་ལུས་པའི་སྐབས་མིག་ལམ་ནས་སྐར་མ་ཤར་ཞིང་རྣ་ལས་ལྡིར་སྒྲ་གྲགས། བསྟུད་མར་ཁོའི་མགོ་ལ་གྲི་གཉིས་ཙམ་ཐེབས་ཤིང་དམར་གཏོར་མགོ་མཇུག་ལྡོག་པ་ལྟར་འགྱེལ་ནས་འགུལ་ཤུགས་ཇེ་ཆུང་དུ་གྱུར། གཏམ་སྣེ་འདིར་བཞག་ནས་ཕྱོགས་གཞན་ལྕགས་སྤྲུལ་ཚང་གིས་གང་བྱས་པའི་སྐོར་རྣམས་བཤད་ན་དོན་འདི་ཇེ་གསལ་དུ་འགྲོ་ཐུབ་ངེས་ཡིན།

ཆིབས་གཡོག་པས་ནམ་རྒྱུན་ལྟར་ཐོ་རེངས་སྐར་ཆེན་མ་ཤར་ཙམ་ནས་རྟ་ལ་གཟན་ཆག་སྟེར་བར་འགྲོ་སྐབས་ཆིབས་རའི་སྒོ་ཡོངས་སུ་ཕྱེས་ཡོད་པ་དང་། རྟ་རྣམས་ནམ་རྒྱུན་དང་མི་འདྲ་བར་ཅི་ཞིག་མཐོང་བ་ལྟར་གཟན་ཆག་སྟེར་ཀྱང་མི་ཟ་བར་སྒོ་ཡི་ཕྱོགས་སུ་ལྟ་ཞིང་ཧུ་ཧུ་ཟེར་ནས་གུག་རྒྱུག་བྱེད། ཁོས་སྒྲོན་མེ་ཁུར་ཡོང་ནས་གང་སར་ལྟ་སྐབས་ཆིབས་པ་ལྕང་ཤེས་སྨུ་གུ་གཅིག་པུར་ཚང་མེད་པ་ཤེས། མགྱོགས་པར་ནང་དུ་བརྒྱུགས་ནས་གཟིམ་ཁང་སྟེང་ཤོད་བར་གསུམ་གང་སར། མདང་དགོང་ཆིབས་ར་ནང་རྐུན་པོ་ཤོར་འདུག །མདང་དགོང་ཆིབས་ར་ནང་རྐུན་པོ་ཤོར་འདུག །ཅེས་སྐད་བརྒྱབ་པས་མཐོ་རབ་གསལ་ནས་དམའ་ཤོད་ཁང་ཡན་གྱི་མི་རྣམས་སྒོ་ལ་དོན་ནས། ཅི་ཞིག་བྱས་འདུག །ཅེས་དྲིས་པར་ཆིབས་གཡོག་པས། ཅང་ཤེས་སྨུ་གུ་གཅིག་པུར་མི་འདུག་པས་ཕལ་ཆེར་རྐུན་པོས་ཁྲིད་ཡོད་བཟོ་འདུག །ཅེས་བཤད། རྟ་དེ་ནི་གོམ་འགྲོས་ཡག་ཅིང་བླ་མའི་ཐུགས་གཉེས་ཤོས་དང་ཤ་ཤེད་བཟང་ཤོས་དེ་ཡིན་པས་གཟིམ་དཔོན་དང་ཆིབས་དཔོན་སོགས་ཚང་མས་དེ་བྱས་དེ་ཐོན་གྱི་སྨྲེ་ངག་འདོན་པ་དང་ཕངས་སེམས་ཆེན་པོ་སྐྱེས།

སྐབས་དེར་ཕྱག་མཛོད་ཀྱིས། ལེ་ལན་གདའ་ནས་བསྡད་པས་ཕན་པ་མེད། ནམ་རྒྱུན་དཔུང་པ་འཕྲེད་དུ་གཡུག་ནས་འགྲོ་མཁན་དེ་ཚོ་ད་རེས་དགོས་པའི་དུས་ལ་བབ་པ་རེད། ལམ་སང་མི་བཞི་ལྔ་ཞིག་ར་མདའ་ལ་འགྲོ་ན་དགའ། ཤཱ་ཕོ་ཆེན་ལ་ཐོད་མདའ་སྤྲད་པ་ལས་རྫ་ཁྲ་ཡག་ལ་ཁྲག་ལམ་བཏོད་པ་ཉེས་པ་ཆེ། རྟ་གཅིག་ཤོར་བ་ཆེ་རྒྱུ་མེད་ཀྱང་སྤྲུལ་སྐུ་ཚང་ལ་རྐུན་སྣ་གཏད་པ་འདི་འཇོག་ཐབས་ག་ནས་ཡོད། ད་ཕན་སྤྲུལ་སྐུ་ཚང་ལ་རྐུན་པོ་ཤོར་བའི་ལོ་རྒྱུས་རྩ་བ་ནས་མེད། བླ་མའི་མདུན་དུ་སོང་ཡང་ཅི་གསུངས་མི་ཤེས་པའིོ་འཕྲལ་དུ་ཐོན་ན་བཟང་། ཞེས་བཤད། དེར་ཡོད་ཚང་མས་གཏམ་དེ་བདེན་པར་གོ་ནས་རྒོ་ཡ་བུ་སོགས་ཨ་ཕྲུག་མི་བཞིས་གོ་ལག་དུག་ཚེར་ལྟར་བགོས་ཤིང་། སྒ་བཞག་བསྟན་བཞག་དུས་གཅིག་བྱས་ནས་གློག་འཁྱུག་པ་ལྟར་ར་མདའ་ལ་ཡོང་།

ཁོ་ཚོ་བྱང་ཕྱོགས་སུ་རྫ་ཆུ་ལར་འདེད་བྱས་ནས་སོང་བས་ནམ་གསལ་ལ་མ་གསལ་མཚམས་དེར་ཆུ་འཁོར་འགག་ཟེར་བའི་ལམ་བཞི་འདུས་པའི་མདོ་དེར་འབྱོར། ཕྱོགས་བཞི་མཚམས་བརྒྱད་དུ་རྨིག་རྗེས་བཙལ་ཀྱང་རྟ་ཁལ་གྱི་རྗེས་སྣ་ཚོགས་ཟི་ལིང་དགུ་ལིང་དུ་ཡོད་པས་ཅང་ཤེས་སྨུ་གུའི་རྨིག་རྗེས་འདི་རེད་ཟེར་བ་ཞིག་ངོས་བཟུང་རྒྱུ་མ་རྙེད། གང་ཞིག་ཏུ་འགྲོ་དགོས་མ་ཤེས་པའི་གཅིག་གིས་ལག་མགོ་ནས་ཕྲེང་བ་ཕུད་དེ་མགྱོགས་མོ་ཞིག་བཏབ་ཀྱང་། ཕལ་ཆེར་འདི་ཕྱོགས་སུ་སོང་མེད་དམ། ཟེར་ནས་མཛུབ་མོ་ཤར་ངོས་སུ་གཏད་པ་ཙམ་ལས་ཐག་ཆོད་པ་ཞིག་བཤད་རྒྱུ་མེད། གཅིག་གིས། རྫ་དོ་ལ་མདོའི་ཕྱོགས་སུ་སོང་ན། ཟེར་ཡང་དེ་ལའང་གདེང་ཚོད་ཅི་ཡང་མེད། ཅི་དགོས་མ་ཤེས་པའི་སྐབས་དེར་གདུང་མདོ་གཞུང་གི་ཕྱོགས་ནས་ར་ཞིག་གིས། མཱེ་ཨ་ཨ། ཞེས་འབོད་ཀྱིན་ཡོད་པ་ཐོས། གཅིག་གིས། རིན་པོ་ཆེའི་སྲུང་མ་ནི་དམ་ཅན་ར་རྒྱ་མོ་ཡིན་པས་དེ་རིང་ང་ཚོར་ལམ་སྟོན་པ་ཡིན་ཤས་ཆེ། ཞེས་བཤད་ནས་རྟ་ཁ་དེ་ཕྱོགས་སུ་བསྒྱུར། གཅིག་གིས། མ་རེད། མ་རེད། བླ་མའི་སྲུང་མ་ནི་དམ་ཅན་འགར་བ་ནག་པོ་རེད། ཅེས་བཤད། གཅིག་གིས། དེ་གཉིས་ནི་སྲུང་མ་གཅིག་ཡིན་པ་ལས་གཉིས་མ་རེད། ཟེར་བ་སོགས་མང་པོ་ཞིག་བཤད་རེས་བྱས་ཀྱང་གང་ལྟར་རང་རང་ལ་འདི་འགྲོ་འདི་བྱེད་ཀྱི་གཏད་སོ་ཅི་ཡང་མེད་པས་ཤུགས་མ་ཐུབ་ཀྱིས་གཅིག་པོ་དེའི་རྗེས་སུ་བཤར།

ཁོང་ཚོ་ཇེ་མགྱོགས་ཀྱིས་སོང་ཞིང་ཁྱད་འཚར་བ་ཞིག་ལ་ལམ་གྱི་འདུས་མདོ་གང་ཞིག་སླེབས་ཀྱང་མཐོང་རྒྱུ་མེད་པའི་ར་ཞིག་གིས་ར་མས་རེའུ་འབོད་པ་ལྟར་སྐད་བརྒྱབ་ནས་འདི་ཕྱོགས་སུ་ཤོག་ཟེར་བ་གཉིས་སུ་མེད། ར་དེ་ནི་ཆོས་སྐྱོང་གི་སྤྲུལ་པར་ངེས་ཤེས་རྙེད་ནས་དེས་ལམ་བསྟན་པ་ལྟར་སོང་སོང་བས་ཏག་ཏག་སྐུང་ཚང་ནང་དུ་སླེབས་ཤིང་། རྟ་ཅང་ཤེས་ནི་རྩི་ཤིང་རྫོབ་པོ་ཞིག་གི་ནང་དུ་བཏགས་ནས་ཡོད་ཀྱང་རྐུན་པོ་ནི་མིག་གིས་མཐོང་སར་བསྡད་མེད་པས་བྲོས་ཟིན་པར་སྙམ། འོན་ཀྱང་ད་དུང་འཁྲིས་ཀྱི་རི་ཟུར་ནས་སྔར་བཞིན་ར་ཡིས་སྐད་རྒྱག་ཡོང་གི་ཡོད། ཁོང་བཞི་དེ་ཕྱོགས་འགྲོ་དུས་མི་ཞིག་རྡོ་ཕ་བོང་ལེབ་མོ་ཞིག་གི་སྒང་ལ་སྔུར་པ་འཐེན་བཞིན་གན་རྐྱལ་དུ་ཉལ་ནས་ཡོད་པར་མཐོང་། འཇབ་ནས་འཁྲིས་ལ་བཅར་ནས་ལྟ་སྐབས་དེ་ནི་འཛིང་མོ་མཁས་པར་སྐད་གྲགས་ཡོད་པའི་ཁྲམ་པ་ཨ་སྟ་མ་ཡིན་པར་ཤེས་པས་གོམ་པ་འགའ་ཞིག་ཕྱིར་འགྱེད་ཤོར། འོན་ཀྱང་ཁོ་ད་དུང་གཉིད་ལས་སད་མེད་པ་དེས་ཁོང་བཞི་པོ་བློ་ཁོག་སྐྱེས་ཏེ་རལ་གྲི་དུས་གཅིག་ཏུ་བསྣུན་པས། གྲི་གཅིག་རྐང་གཡས་པའི་རླ་ལེབ་ཏུ་འཁེལ་ཡང་གནོད་སྐྱོན་ཆེ་བ་མ་བྱུང་། གྲི་གཅིག་ལག་གཡས་པའི་འཁྲིག་མའི་ངོས་ཐེབས་ཏེ་ལག་མགོ་ཡུངས་རྡོག་བྲེག་པ་ཕར་ཚད་དུ་ཡར་ནས་འདུག །ཨ་ཕྲུག་གཉིས་ནི་སྙིང་ཁམས་ཆུང་བས་གྲི་གཡུག་པ་དང་དཔུང་པ་ཐུང་དུ་སོང་ནས་རྐུན་པོའི་སར་བསྙབས་མ་ཐུབ།

ཁོ་གཉིད་སད་པ་དང་རང་ཉིད་ལ་འཇབ་རྡུང་ཕོག་པ་མཐོང་འཕྲལ་ཡ་ལན་གཅོག་འདོད་སྐྱེས་ཀྱང་འཆར་གཞི་གང་ཡང་མེད་པའི་ལག་རྡུམ་ཞིག་གིས་རལ་གྲི་གནམ་ལ་འཕྱར་བཞིན་པའི་ཕོ་རྒོད་བཞིའི་ཁ་གཏད་ག་ནས་གཅོག་ཐུབ། སླར་ཡང་ཁོང་བཞིས་གྲི་རུབ་བརྒྱབ་རྐྱེན་མགོ་དང་གཟུགས་པོ་གང་ས་ནས་ཟུངས་ཁྲག་ཆུ་རྒྱུན་བཞིན་གཞུར་ནས་མཐར་དྲན་མེད་དུ་རྒྱལ། གཅིག་གིས། ཕྱིས་འབྱུང་སྡོད་གཟོད་བདེ་བའི་ཆེད་དུ་ད་རེས་གཙང་མ་བཟོ་འོས་ཟེར། གཅིག་གིས། ལག་རྡུམ་ཞིག་གིས་ཅི་ཞིག་བྱེད་ཐུབ་བམ་ཟེར། གཅིག་གིས། ད་ནི་ཁོ་འཆི་བ་ལས་གསོན་པོར་ལང་མི་སྲིད། ཅེས་བཤད་རྗེས་ཁོང་བཞི་པོས་ཅང་ཤེས་སྨུ་གུ་ཁྲིད་དེ་ར་མདའ་རྗེས་ཆོད་ཀྱི་རྟགས་མ་དགུང་ལ་འཕྱར་བཞིན་རྒྱ་མཚོ་ནས་ནོར་བུ་ལོན་པ་ལྟར་སྤོབས་སེམས་དང་དགའ་སྤྲོའི་ངང་ཕྱིར་ལོག་པའི་སྐོར་འདིར་མི་སྨོས།

ཨ་སྟ་མ་དེ་ལྟར་ཤི་མིན་རོ་མིན་བཟོས་ནས་ཡོད་པར་ལྡིང་དཔོན་གྱིས་མི་གླས་ནས་ནང་དུ་ཁུར་ནས་ཡོང་ཞིང་། དེར་ཡོད་ཕོ་རྒོད་ཚོས་བྱ་རྒོད་ཐང་ལ་རུབ་པ་ལྟར་ཨ་སྟར་ཁམས་འདྲི་སེམས་གསོ་བྱེད་བཞིན་པའི་སྐབས་སུ་སྐྱ་མི་ནག་པོ་ཞིག་མདའ་མོ་སྟོང་ནས་ཤོར་བ་ལྟར་ཐད་ཀར་ལྡིང་དཔོན་ཚང་སར་ཁ་གཏད་དེ་བརྒྱུགས་ནས་ཡོང༌། འཁྲིས་སུ་སླེབས་ནས་ཚིག་ཁ་ཤས་བཤད་མ་ཐག་ཏུ་ཕོ་རྒོད་ཚོའི་གདོང་པ་ནས་ཁྲོ་བའི་རྣམ་འགྱུར་མངོན་ཞིང་ལག་ཏུ་མཚོན་ཆ་བཟུང་ནས་འགྲོ་བར་བྲེལ་སོང་། མཐའ་དོན་སྐྱ་མི་དེས་གནས་ཚུལ་གང་ཞིག་བཤད་ཡོད་པ་དང་ཕོ་རྒོད་ཚོས་གོ་མཚོན་ཐོགས་ནས་ས་ཕྱོགས་གང་དུ་སོང་ཡོད་པ་ལེའུ་ཕྱི་མར་གསལ།།

Read more!

བོད་མི་ཕྱི་རྒྱལ་ཁག་ལ་འགྲོ་དགོས་སམ། སྔ་མའི་འཕྲོས།


འདི་ནི་བོད་མི་ཕྱི་རྒྱལ་ཁག་ལ་འགྲོ་དགོས་སམ་ཞེས་པ་དེའི་འཕྲོས་ཡིན་ཀྱང་། བར་ལམ་ས་འགུལ་བྱུང་རྗེས་གནས་སྐབས་བཀོད་ན་ལན་པོ་ཞིག་མ་མཐོང་བས་བཞག་པ་ཡིན། འོན་ཀྱང་དེ་སང་དེ་འདྲའི་སྐོར་དྲ་རྒྱ་མང་པོ་ནང་མཐོང་རྒྱུ་འདུག་པ་དང༌། ས་ཡོམ་བརྒྱབ་ནས་ཀྱང་དུས་ཡུན་གང་འཚམ་སོང་ཟིན་སྟབས་དེ་རིང་འདིར་བཀོད་ཅིང༌། གོ་བའི་བུ་ལ་བརྡ་ཙམ་ཞིག་ལས་ཞིབ་འབྲི་བྱེད་ལོངས་མ་བྱུང་ལ། དེ་ཡང་འཕྲོས་སྔ་མ་དང་མཉམ་དུ་ཀློག་ན་གོ་རྒྱུ་ཞིག་ཡོད་ཤས་ཆེ།

གསུམ།
ད་ནི་ཕྱོགས་གཉིས་པ་དེ་བཤད་ཀྱི་ཡིན། དེ་ནི་བོད་མི་མང་ཙམ་ཕྱི་རྒྱལ་ལ་འགྲོ་ཐུབ་ཐབས་བྱེད་དགོས་པར་སྨྲ་མཁན་ཚོའི་བསམ་ཚུལ་དེ་ཡིན། ཁོང་ཚོས་ཕྱོགས་གཅིག་ནས་དཔལ་འབྱོར་གྱི་ཁེ་ཕན་གཙོ་བོར་བཟུང་བ་ཡིན་སྲིད་མོད། དེ་ལ་ཡང་རྒྱུ་མཚན་གཏན་ནས་མེད་པ་མིན་ཏེ། དེང་སང་འཛམ་གླིང་འདི་ཚོང་པས་དབང་སྒྱུར་གྱིས་ཆབ་སྲིད་ནི་དཔལ་འབྱོར་གྱི་བྲན་གཡོག་ཏུ་གྱུར་ཡོད་པ་དང༌། སྲིད་གཞུང་ག་འདྲ་ཞིག་ཡིན་ཀྱང་དེ་ཡུན་དུ་གནས་མི་གནས་དང༌། སྲིད་གཞུང་དེའི་ཁ་ཕྱོགས་ག་བར་གཏད་རྒྱུ་ཡིན་མིན་ནི་དཔལ་འབྱོར་གྱི་གནས་སྟངས་ལ་རག་ལས་ཡོད་པས་རེད།

བྱེ་བྲག་ཏུ་བོད་ཀྱི་རྕ་དོན་ཐོག་ལ་བབས་ཏེ་བཤད་ན་ཡང༌། དེང་སང་རྒྱ་ནག་གཞུང་གི་ངོས་ནས་ཀྱང་བོད་ནང་དཔལ་འབྱོར་ཡར་རྒྱས་བཏང་ནས་བོད་ཀྱི་གནས་དོན་དེ་ཐག་གཅོད་ཡོང་ཐབས་བྱེད་པ་དང༌། བཙན་བྱོལ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་དཔལ་འབྱོར་འདུ་འགོད་བྱས་ནས་བོད་དོན་ལས་འགུལ་སྤེལ་བཞིན་ཡོད་པས། བོད་པའི་དཔལ་འབྱོར་གྱི་གནས་བབ་དང་བོད་ཀྱི་རྩ་དོན་གཉིས་ཀྱི་འབྲེལ་བ་དེ་ཧ་ཅང་གིས་གཞི་ལྕི་ལ་གལ་ཆེ་བའི་རང་བཞིན་དུ་གྱུར་ཡོད། དེང་སང་རྒྱ་ནག་གཞུང་གིས་བོད་ནང་ཚ་ཚ་འུར་འུར་ངང་དཔལ་འབྱོར་ཡར་རྒྱས་གཏོང་བའི་ཚ་རླབས་ཤིག་འཕྱུར་ཡོང་བ་འདི་ག་རེ་ཡིན་ནམ། འདིས་བོད་ནང་དང་བཙན་བྱོལ་བོད་མི་རྣམས། དེ་ག་ནང་བཞིན་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ག་རེ་ཐེབས་རྒྱུ་ཡིན་ནམ།

སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་ནང་དམིགས་བསལ་གྱིས་དཔའ་འབྱོར་ཡར་རྒྱས་གཏོང་བ་དེ་ལ་དམིགས་ཡུལ་ཁ་ཤས་ཡོད་མོད། འཛམ་གླིང་ཧྲིལ་པོ་དཔལ་འབྱོར་གྱི་རྗེས་སུ་རྒྱུག་པའི་གོ་སྐབས་འདི་བཟུང་ནས། རྒྱལ་སྤྱིའི་ངོས་ནས་རྒྱ་ནག་གཞུང་གིས་བོད་ལ་ཡག་པོ་བྱེད་ཀྱི་ཡོད་པའི་མཐོང་ཚུལ་བསྐྲུན་ཏེ། དེ་ལ་བརྟེན་ནས་ཁོ་རང་ཚོས་བཤད་བཞིན་པ་བོད་གཞུང་ཚུད་པའི་ཁ་བྲལ་ཤོག་ཁག་ལ་རྒྱལ་སྤྱིའི་ངོས་ནས་རྒྱབ་སྐྱོར་མཚམས་འཇོག་ཐུབ་པའི་དམིགས་ཡུལ་བཟུང་ཡོད་པ་གསལ་པོ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་དམིགས་ཡུལ་ག་རེ་བཟུང་འདུག་གཅིག་པུར་མ་བལྟས་པར། ང་ཚོའི་ངོས་ནས་ཀྱང་དེས་ཤུགས་རྐྱེན་ག་རེ་ཡོང་བ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད།

དེས་ན། ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་ནི། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང༌། རྒྱ་ནག་གི་དངུལ་གྱི་ཛ་ཐང་མཐོ་རུ་བཏང་བ་ཡིན་ན། རྒྱ་བལ་ཁུལ་གྱི་བོད་མི་མང་པོ་ཞིག་བོད་ནང་ལས་ཀ་འཚོལ་དུ་འགྲོ་སྲིད་པ་དང༌། མང་པོ་ཞིག་བོད་ནང་གནས་སྤོས་ཀྱང་བྱེད་སྲིད་པ་དེ་རེད། འདི་ནི་འགག་རྩའི་གནད་དོན་གལ་ཆེན་ཞིག་ཡིན་ལ། ངས་བཤད་བཞིན་པའི་བརྗོད་གཞི་འདི་དང་འབྲེལ་བ་ཆེན་པོ་ཡོད།

གཅིག་བྱས་ན་འདི་ཡང་རྒྱ་ནག་གཞུང་གི་དམིགས་ཡུལ་ནང་ཡོད་སྲིད། རྒྱ་ནག་གཞུང་གིས་བོད་ནང་གནས་སྐབས་རིང༌དགོན་པ་བསྐྱར་གསོ་དང་སློབ་གྲྭ་སོགས་ཤེས་ཡོན་གྱི་ལྟེ་གནས་བསྐྲུན་ཏེ་བཙན་བྱོལ་གཞུང་ལ་འགྲན་བསྡུར་མི་སེམས་འགུལ་བ་ཞིག་བྱེད་མི་ཐུབ་ཀྱང༌། ད་ལྟ་སྤེལ་བཞིན་པའི་དཔལ་འབྱོར་ཡར་རྒྱས་ལས་གཞི་འདིའི་ཐོག་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། དེས་ན། ཕྱོགས་གཞན་པ་ཞིག་ནས་བཤད་ན། རྒྱ་ནག་གཞུང་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་ཞན་ཆ་འཚོལ་ནས་དེའི་ཐོག་ཚུར་རྒོལ་བྱས་པ་ཞིག་དང༌། བཤད་སྟངས་གཞན་པ་ཞིག་བྱས་ན། དགྲ་བོའི་ཞན་ཆ་འཚོལ་ཏེ་ཕམ་ཉེས་གཏོང་ཐབས་བྱེད་པ་སྟེ། ལྕགས་རི་དམའ་ས་ལ་སྒྲོམ་སྐས་རིང་ཤོས་བཙུགས་ཏེ་རྒོལ་རྡུང་གཏོང་བ་ཞིག་རེད།

མི་ཁ་ཤས་ཀྱིས། དེ་ནི་དཔལ་འབྱོར་གྱི་རྗེས་སུ་རྒྱུག་མཁན་བླ་སྲོག་མེད་པའི་མི་འགའ་ཞིག་བྱུང་ན་ལས་རྒྱ་ནག་གཞུང་གི་དྲག་གནོན་འདི་འདྲའི་འོག་སུ་ཞིག་བོད་དུ་ལོག་སྲིད་དམ། དོན་མེད་རི་བོང་གནམ་རྡེབ་ཀྱི་སྡུག་བསྔལ་རེད་ཅེས་བརྗོད་ཤས་ཁ་ཡང༌། རང་ཉིད་ཞེ་པོ་ཡིན་མདོག་གིས་ཁ་བདེ་པོ་བཤད་ནས་ལ་དག་ཐབས་མེད་པར་དོན་དངོས་ལ་བལྟ་དགོས། བོད་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ལ་འགྲོ་བ་དེ་རང་དང་རང་གི་ནང་མིའི་འཚོ་ཐབས་ཆེད་དང་། ཐད་ཀར་བཤད་ན་དངུལ་གྱི་ཆེད་འགྲོ་ཡི་ཡོད་ཅིང༌། དེ་ཡང་ཁ་ཤས་རང་སྲོག་འབེན་ལ་བཙུགས་པའི་ཉེན་ཁའི་འོག་འགྲོ་ཡི་ཡོད་པ་རེད། དེས་ན་བོད་ནང་ནུབ་ཕྱོགས་ཡུལ་གྲུ་ལས་ལྷག་པའི་ཡོང་འབབ་ལྡན་ཚེ་དེར་མི་འགྲོ་བའི་རྒྱུ་མཚན་ཅི་ཞིག་ཡོད་དམ།

༧གོང་ས་མཆོག་མ་བཞུགས་པའི་ཉིན་མོ་ཞིག་ཤར་ཚེ། སྐབས་དེར་རྒྱལ་བལ་ཁུལ་གྱི་གཞིས་ཆགས་བོད་མི་རྣམས་སྔ་མུས་བཞིན་སོ་ནམ་བྱེད་དེ་སྡོད་ཀྱི་ཡོད་མེད་བརྗོད་དཀའ་བ་ཞིག་རེད། གང་ལྟར་གནས་སྟངས་དེ་འདྲའི་འོག་གཞིས་ཆགས་དེ་ཚོ་ནུས་ཕྱོགས་སུ་ནི་མ་ཐར། རྒྱ་བལ་དུ་བསྡད་ན་སྤྱི་ཚོགས་ཀྱི་རྗེས་ནི་མ་ཟིན། སྐབས་དེ་ཁོང་ཚོས་ཅི་ཞིག་བྱེད་སྲིད་དམ། གང་དུ་འགྲོ་དགོས་སམ། གང་ལྟར་གནས་སྟངས་དེ་འདྲའི་འོག །བཙན་བྱོལ་བོད་མི་རྣམས་བོད་དུ་ལོག་འགོ་བཙུགས་པ་ཡིན་ན། དེ་ནས་དངོས་གནས་རྒྱ་གར་ནང་གི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དེ་ཉམ་ཆག་འགྲོ་རྒྱུ་ཡིན་པར་ཐག་ཆོད་པ་རེད།

སྐབས་དེར་བོད་གཞུང་འདི་ཡོད་དུ་གྱུར་ཀྱང༌། གང་ཞིག་དོན་དུ་གཉེར་བ་དང་ཅི་ཞིག་རྩོད་རྒྱུ་ཡིན་ནམ། སྔར་བཙན་བྱོལ་ལ་ཡོང་བ་རྣམས་ཀྱང་རང་འགུལ་གྱིས་ཕར་ལོག་པའི་ཉིན་མོ་དེར། བོད་ནང་དྲག་གནོན་དང་བཙན་ཤེད་ལས་སྐྱིད་པོ་མེད་པ་དང༌། ཤེས་ཡོན་དང་འཕྲོད་བསྟེན་གྱི་མཐུན་རྐྱེན་མེད་པར་ལོ་རེ་བཞིན་བོད་མི་སྟོང་ཕྲག་མང་པོ་ཧི་མ་ལ་ཡའི་རི་བོ་བརྒལ་ནས་བྲོས་བྱོལ་ཡོང་བ་ཞེས་པའི་སྐད་ཆ་དེ་ཤོད་ཐབས་མེད་པར་གྱུར་ཅིང་། དེ་མེད་ན་རྒྱལ་སྤྱིའི་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མེད་པའི་ཁུངས་སྐྱེལ་གང་ཡང་བསྟན་དུ་མེད།

ད་ཉ་གེ་ཉོ་གེ་མང་པོ་རེད་འགྲོ་ཡི་འདུག །དོན་ཧྲིལ་གྱིས་སྒྲིལ་ན། རྒྱལ་བལ་འབྲུག་གསུམ་ཁུལ་ཀྱི་བཙན་བྱོལ་བོད་མི་རྣམས་གྱི་རྟེན་གཞི་འདི་ནུས་ཕྱོགས་སུ་གནས་སྤོ་རན་པ་དང༌། སྤོས་ན་སྐུ་ཚེ་རིང་ཙམ་བཞུགས་ཐུབ་པའི་ཁྱད་པར་ཡོད་ཅིང༌། དེ་ནི་ཆུ་མ་ཡོང་གོང་གི་རགས་ཟེར་བ་དེ་རེད།
Read more!

Tuesday, May 11, 2010

རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་ནག་ཉེས་ངོས་ལེན་བྱེད་བཅུག་པའི་དཔང་རྟགས།

ཉེ་ཆར་རྒྱ་ནག་ནང་། མི་བསད་པའི་ནག་ཉེས་འོག་ལོ་བཅུ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཁུར་བཞིན་པའི་བཙོན་པ་ཞིག་མི་བསད་མེད་པར་ཤེས་རྗེས་གློད་གྲོལ་བཏང་འདུག་ཅིང༌། དེ་ཡང་རྒྱ་ནག་ཧེ་ནན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ལོ་ན་༥༧་ཡིན་པ་Zhao zuohai ཟེར་བའི་མི་ཞིག་ལ་zhao zhenshang ཟེར་བའི་མི་ཞིག་བསད་པའི་ཉེས་འཛུགས་འོག །དུས་བཀག་བཙོན་འཇུག་ལོ་བཅུ་བྱས་ཚར་བའི་རྗེས། ཟླ་བ་སྔོན་མའི་ཚེས་༣༠ ཉིན་ zhenshang ཤི་བ་དང་ན་བ་གང་ཡང་བྱུང་མེད་པར་རང་ཁྱིམ་དུ་སླེབས་ཡོད་པར་བརྟེན། zuohai གློད་གྲོལ་བཏང་ཡོད་ལུགས་ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཉིན་རེས་གསར་འགྱུར་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

ད་དུང་གསར་ལམ་དེའི་ནང༌། གནད་དོན་དེའི་སྐོར་ཞིབ་འཇུག་བྱེད་བཞིན་ཡོད་པའི་སྐོར་དང༌། zuohai མ་ཉེས་ཁ་གཡོག་གི་བཙོན་འཇུག་བྱས་པའི་གུན་གསབ་ལ་ཨ་རི་ཌོ་ལར་སྟོང་ཕྲག་༤༥ ཙམ་རག་སྲིད་པའི་ཚོད་དཔག་ཡང་བྱས་ཡོད་པ་རེད། དེ་བཞིན་གཞུང་གི་ལས་བྱེད་She Xiangling ཟེར་བ་ཞིག་ལ་རང་གི་ཆུང་མ་བསད་པའི་ཉེས་འཛུགས་འོག་ལོ་བཅུ་གཅིག་བཙོན་དུ་བཅུག་རྗེས། ༢༠༠༥་ལོར་ཉིན་ཞིག་རང་གི་ཆུང་མ་ཕ་ཡུལ་གྲོང་གསེབ་ནས་ཕྱིར་ནང་དུ་ལོག་ཡོང་ཡོད་འདུག

གནས་ཚུལ་དེ་ནི་རྒྱ་ནག་ནང་གི་ཉེན་རྟོག་པ་དང་གཞུང་གི་འདྲི་གཅོད་པ་རྣམས་ཀྱིས། བཙོན་པ་རྣམས་ལ། སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་གཏོང་ནས་བཙན་ཤེད་ཀྱིས་ནག་ཉེས་ངོས་ལེན་བྱེད་བཅུག་གི་ཡོད་པའི་དཔང་རྟགས་ཡིད་ཆེས་ཐུབ་པ་ཞིག་ཆགས་ཡོད་པ་དང༌། zuohai སྤུན་མཆེད་ནས་ཟེར་ན། ཁོང་ལ་བཙན་ཤེད་ཀྱིས་ནག་ཉེན་ངོས་ལེན་བྱེད་བཅུག་འདུག་པ་དང༌། སྐབས་དེར་མནར་གཅོད་བཏང་པའི་རྨ་ཤུལ་མང་པོ་ཡོད་ལུགས་བཤད་འདུག །

༡༩༩༧ ལོར་zhenshang ག་སོང་ཆ་མེད་དུ་གྱུར་པའི་རྗེས་༡༩༩༩ ལོར་ས་གནས་ཉེན་རྟོག་པས་zuohai ལ་མགོ་མེད་པའི་རོ་ཞིག་བསྟན་ཏེ་ zhenshang བསད་པའི་ཉེས་འཛུགས་འོག་འཇུ་བཟུང་གིས་ལོ་བཅུ་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་དང༌། དེའི་རིང་ཁོ་རང་གི་ཆུང་མ་དེ་ཡང་ཁྱོ་ག་གཞན་དང་ཆང་ས་བརྒྱབ་པ་དང་གསོས་ཕྲུག་ཅིག་ཀྱང་ཉར་ཡོད་འདུག

གནས་ཚུལ་དེའི་སྐོར་ཨ་པེ་གསར་ལས་ཁང་ནས་ཧེ་ནན་ཁྲིམས་ཁང་ལ་བཀའ་འདྲི་ཞུས་ཀྱང་ཡ་ལན་གང་ཡང་བྱས་མེད་པ་རེད།


Read more!

Tuesday, May 4, 2010

ཏཱ་ལའི་བླ་མ་དང་རྒྱ་ནག་གཞུང་གཉིས་སུ་ཞིག་གིས་སྐྱོ་གར་འཁྲབ་བཞིན་ཡོད་དམ། དུམ་བུ་གསུམ་པ།


ཆེད་རྩོམ།
དེ་མ་ཟད། ང་ཚོས་ངེས་དོན་ངོ་མས་བཤད་ན་ཏཱ་ལའི་དྲི་བར་དྲང་ཐད་ནས་ལན་འདེབས་དགོས་དོན་མེད་ལ། ཁོ་བོར་ང་ཚོས་ལན་འདེབས་རིན་ཡང་མི་འདུག ཏཱ་ལའི་ཡིས་ཐབས་མཁས་མདོག་གི་གཡོ་འཕྲུལ་སྣ་ཚོགས་འཁྲབ་སྟོན་བྱེད་པ་དེར་ང་ཚོས་ཚུལ་ཇི་ལྟར་འགྱུར་སྟངས་ལ་རྟོག་དགོས་འདུག རྒྱུ་མཚན་ནི་བློ་གྲོས་ཅུང་ཙམ་ལྡན་པའི་མི་ཞིག་ཡིན་ཕྱིན་རྟོགས་དཀའ་བ་མ་ཡིན་དེ། ཏཱ་ལའི་ཡིས་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་འདོད་ཡེ་ནས་མེད་པ་རེད། ཁོ་བོས་སེམས་གསོར་ཁ་གཡར་ཏེ། གནོད་ཐེབས་མང་ཚོགས་རྣམས་བེད་སྤྱད་ནས་ཆབ་སྲིད་ཀྱི་བཟོ་ཉམས་སྟོན་པའི་བྱེད་སྟངས་དེ་འདྲ་སྔོན་ཆད་ཀྱང་བྱུང་མྱོང་ཡོད་པ་རེད།

གསལ་བཤད།
དོན་དུ། ཟླ་༤ ཚེས་༡༧ ཉིན་༧གོང་ས་མཆོག་གནོད་ཐེབས་ཁུལ་དུ་ཕེབས་འདོད་ཡོད་པར་གསུངས་ཤིང༌། དེ་ལ་རྒྱ་ནག་གཞུང་གི་ངོས་ནས་བསམ་ཚུལ་ག་རེ་ཡོད་ཅེས་ཚེས་༢༠ ཉིན་གསར་འགོད་པ་རྣམས་ཀྱིས་ཅང་ཡུས་ལ་སྐད་ཅ་དྲིས་པ་ཞིག་ལས། ༧གོས་ས་མཆོག་གི་ངོས་ནས་རྒྱ་ནག་གཞུང་དང་ཅང་ཡུས་གཉིས་ཀ་ལ་བཀའ་འདྲི་གང་ཡང་གནང་མེད་པས། ཅང་ཡུས་ནས་ཏཱ་ལའི་དྲི་བར་དྲང་ཐད་ནས་ལན་འདེབས་དགོས་དོན་མེད་ལ་འདེབས་རིན་ཡང་མི་འདུག་ཅེས་པ་ནི། ཏཱ་ལའི་བླ་མའི་གསལ་བསྒྲགས་དང་། གསལ་བསྒྲགས་དེའི་སྐོར་གསར་འགོད་པའི་དྲི་བ་སྐུལ་བ་གཉིས་ཀྱི་ཁྱད་པར་ཡང་མ་ཤེས་པ་སྟེ། དཔྱད་རྩོམ་དེ་འདྲ་ཞིག་གཞུང་འབྲེལ་གསར་ལམ་མིང་རྫིག་པོ་དེའི་ཐོག་བཀོད་པ་ནི་ངོ་ཚ་དགོས་པ་ཞིག་མ་རེད་དམ།

ཡང་ན། ཆེད་རྩོམ་དེའི་མགོར། ཅང་ཡུས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཏཱ་ལའི་ཡིས་ཡུལ་ཤུལ་གྱི་གནོད་ཐེབས་ས་ཁུལ་དུ་འགྲོ་རྒྱུ་ཡིན་ཞེས་བཤད་པའི་སྐོར་གྱི་བཤད་ཚུལ་ལ་ལན་བཏབས་པ། ཞེས་ཐོག་མར་འགོ་བཙུགས་པའི་སྐབས་གསར་འགོད་པའི་དྲི་བ་ལས་འཕྲོས་ནས་བཤད་འདུག་མོད། དེ་ནས། ནུབ་ཕྱོགས་ཀྱི་བསམ་ངན་བཅངས་པའི་མཚམས་སྦྱོར་ཚན་པ་འགའ་དང་ངན་པ་མཉམ་རུབ་ཀྱིས། ཞེས་བཤད་འདུག་པར་བལྟས་ན། ནུབ་ཕྱོགས་ཀྱི་གསར་འགོད་པའི་དྲི་བ་དེས་ཁོང་ཉིད་ཁོང་ཁྲོ་ཆེན་པོ་བསླངས་པ་དང༌། ཁོང་ཁྲོ་ཤུགས་ཆེན་པོ་ལངས་སྐབས་མིག་ར་བི་རི་བི་འགྱུར་འགྲོ་བ་ལྟར། ཁོང་གི་མིག་ལ་ཡང་གསར་འགོད་པ་དེ་དག་དང་ཏཱ་ལའི་བླ་མ་གཉིས་གཅིག་ཏུ་སྣང་ཞིང༌། སྐབས་དེར་ཁོང་ཁྲོའི་ཚོར་བ་མནོན་མ་ཐུབ་པར་རྩོམ་ཡིག་འདི་བྲིས་པ་ཡིན་ནམ་ཡང་སྙམ།

གང་ལྟར། གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་འདོད་ཡེ་ནས་མེད་པ། ཞེས་དང་། སེམས་གསོར་ཁ་གཡར་ཏེ། ཞེས་དངོས་གཙོ་སྨྲ་བ་ལས་ལྡོག་སྟེ་གཞན་གྱི་བསམ་བློའི་འཆར་སྒོ་ལ་ཚོད་དཔག་བྱས་པ་ལས། ཕྱི་རོལ་གྱི་གཟུགས་སུ་གྲུབ་པའམ་ཀུན་གྱི་མཐོང་སྣང་དུ་གྲུབ་པ་གང་ཡང་མེད་ཅིང༌། ཁྲིམས་ལུགས་ཀྱི་ཐོག་ནས་བཤད་ཀྱང་ཁུངས་སྐྱེལ་མི་ཐུབ་ལ། གཏན་ཚིགས་རིག་པས་ཀྱང་སྒྲུབ་མི་ཐུབ་པར་རང་ཉིད་ཀྱི་ཚོར་བ་འབའ་ཞིག་ལ་གཞི་འཛིན་ནས་བྲིས་འདུག་པས་སོ།

དེས་ན་གོང་དུ། ཅང་ཡུས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཏཱ་ལའི་ཡིས་ཡུལ་ཤུལ་གྱི་གནོད་ཐེབས་ས་ཁུལ་དུ་འགྲོ་རྒྱུ་ཡིན་ཞེས་བཤད་པའི་སྐོར་གྱི་བཤད་ཚུལ་ལ་ལན་བཏབས་པ་རེད། ཅེས་དང༌། ཡང་ཏཱ་ལའི་རུ་ཚོགས་ལ་རྒོལ་ལན་དྲག་པོ་ཞིག་སྤྲད་ཡོད། ཅེས་དང༌། ཡང་འདིར། ང་ཚོས་ངེས་དོན་ངོ་མས་བཤད་ན་ཏཱ་ལའི་དྲི་བར་དྲང་ཐད་ནས་ལན་འདེབས་དགོས་དོན་མེད་ལ། ཁོ་བོར་ང་ཚོས་ལན་འདེབས་རིན་ཡང་མི་འདུག །ཅེས་སྔ་ཕྱི་འགལ་བ་ལ་ལྟོས་མེད་ཀྱིས་དོན་གནད་དེ་བསྐྱར་བཤད་ཡང་བཤད་བྱེད་སྟངས་ལ་བལྟས་ན། ཅང་ཡུས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་དྲི་བ་ལ་ལན་མ་ཐེབས་པ་མ་ཟད། ཐ་ན་དེ་ལ་ལན་འདེབས་ཀྱི་མིན་ཞེས་ཀྱང་ལབ་མ་ཐུབ་པར་ཚ་གེ་ཚིག་གེ་ཆགས་པ་དེའི་གནོངས་འགེབས་ཆེད་རྩོམ་ཡིག་འདི་བྲིས་ཡོད་པའི་ཚོར་སྣང་ཞིག་ཀྱང་སྟེར་ཡོང༌།

ཟླ་༤ ཚེས་༡༧ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་གནོད་ཐེབས་ས་ཁུལ་དུ་ཕེབས་འདོད་ཡོད་པར་གསུངས་པའི་སྐོར་དང༌། ཚེས་༢༠ ཉིན་ཅང་ཡུས་ལ་དེའི་སྐོར་གསར་འགོད་པས་ཐེངས་གཉིས་དྲིས་ཀྱང་ལན་བཏབ་མེད་པའི་སྐོར་གཤམ་གསལ་དྲ་ཐག་ཁག་ལ་གཟིགས་ན་ཤེས་ཐུབ་ཅིང༌། ལན་ལྷག་མ་རྣམས་གཤམ་དུ་དཀྱུས་གཅིག་ཏུ་མཐུད་པར་བྱའོ།
http://www.gyalwarinpoche.com/castsDetail.php?id=23
http://www.terradaily.com/reports/China_mourns_its_earthquake_victims_999.html

ཆེད་རྩོམ།
༢༠༠༩ ལོར་ཐའེ་ཝན་ས་ཁུལ་དུ་རིམ་པ་༩།༢༡ ཅན་གྱི་ས་ཡོམ་བརྒྱབ་རྗེས། ཏཱ་ལའི་ཐའེ་ཝན་རང་བཙན་པས་ཁ་ལོ་བསྒྱུར་བའི་འོག་ཏུ། གནོད་ཐེབས་མང་ཚོགས་ལ་བསྔོ་བ་སྨོན་ལམ་འདེབས་པ་རྒྱུ་མཚན་དུ་བྱས་ནས་ཐའེ་ཝན་ས་ཁུལ་དུ་དཀྲུག་ཤིང་འཕེན་པར་སོང་ཤིང་། གོ་སྐབས་ལེགས་པོ་དེ་དང་བསྟུན་ནས་མཚམས་སྦྱོར་ཚན་པ་༡༥༠ ལྷག་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཞིང་། མཚམས་སྦྱོར་ཚན་པས་གནོད་ཐེབས་མང་ཚོགས་ལ་སེམས་ཁུར་བྱེད་པའི་ཁ་ཕྱོགས་ཐབས་མཁས་ཀྱིས་གཞན་དུ་བསྒྱུར་བ་དང་། མི་རྣམས་ཀྱི་གནོད་སྐྱོབ་བྱེད་འདོད་ཀྱི་བློ་རྩེ་གཉིས་སུ་གཏོད་པར་བྱེད་པའི་ལས་འདུ་བགྱིས་པ་རེད།

གསལ་བཤད།
ཐའེ་ཝན་རང་བཙན་པས་ཁ་ལོ་བསྒྱུར་བའི་འོག་ཕེབས་པ་ཞིག་མ་ཡིན་པར། ཐའེ་ཝན་གོ་མིན་ཏང་གཞུང་གིས་ཁ་ལོ་བསྒྱུར་བའི་འོག་ཕེབས་པ་ཞིག་ཡིན་ཅིང༌། དེ་ཡང་ནང་པ་སངས་རྒྱས་པའི་ལུགས་ལ། མི་ཤི་གོད་ཆག་སྐབས་གང་ལ་དད་མོས་ཆེ་བའི་བླ་མ་གདན་དྲངས་ནས་གསོལ་འདེབས་སྨོན་ལམ་བྱེད་སྲོལ་ཡོད་པ་ལྟར། སྐབས་དེར་གནོད་ཐེབས་མང་ཚོགས་ཀྱི་འདོད་པ་དང་མཐུན་པར་ཐའེ་ཝན་གཞུང་ནས་ཀྱང་༧གོང་ས་མཆོག་གི་གདན་ཞུ་ཁས་བླངས་ཤིང༌། དེ་ནི་སྲིད་གཞུང་ཞིག་གིས་སྤྱི་དམངས་ཀྱི་མངོན་འདོད་ལ་བརྩི་འཇོག་བྱས་པ་ཞིག་དང་བྱེད་འོས་པ་ཞིག་ཀྱང་རེད། ཕྱོགས་གཞན་ཞིག་ནས་བཤད་ན་འཇིག་རྟེན་མི་ཆོས་ཀྱི་ཐོག་ནས་ཐའེ་ཝན་གོ་མིན་ཏང་དེ་རྒྱ་ནག་གུང་ཁྲན་ཏང་ལས་ལྷག་པ་ཡོད་པ་དེ་མཚོན་གྱི་ཡོད་པ་རེད།

སྐབས་དེར་མཚམས་སྦྱོར་ཚན་པ་༡༥༠ ལྷག་གི་བཅར་འདྲི་དང་ལེན་གནང་བ་དེ་བདེན་པ་ཡིན་ཅིང༌། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་གསར་འགོད་པ་རྣམས་ཀྱི་བཅར་དྲི་ལ་ལན་འདེབས་གནང་རྒྱུར་སྤྲོ་པོ་ཡོད་པ་རེད། དེ་ཡང་ཁོང་ནས་ད་ལོ་གནས་མཆོག་རྡོ་རྗེ་གདན་དུ་འདི་འདྲ་ཞིག་གསུངས་ཡོད། ངོས་ལ་ཚགས་པར་རྒྱག་མཁན་འདྲ་བོ་སུ་ཞིག་ཐུག་པ་ཡིན་ན་ཡང༌། ཕྱི་གསལ་ནང་གསལ། དྲང་པོ་དྲང་བཞག །ལྷག་བསམ་རྣམ་དག་གིས་བཤད་པ་ཡིན་དུས་མ་བདེ་བ་དང་ཟོན་བྱེད་དགོས་པ་གང་ཡང་ཡོང་གི་མེད་ཅེས་དང༌། ཁ་སང་ཨ་རིའི་སྲིད་འཛིན་རྒྱ་ནག་ཕེབས་སྐབས་རྒྱ་ནག་གི་སྲིད་འཛིན་ཧུ་ཇན་ཐོ་ནས་གསར་འགོད་ལྷན་ཚོགས་བསྐོངས་ཡོད་ཀྱང༌། མར་གསུང་དགོས་པ་དེ་མ་གཏོགས་ཡར་སྐད་ཆ་དྲི་ས་གཅིག་ཀྱང་མི་འདུག །དེ་ནི་བདེན་དོན་མེད་སྟབས་ལན་འདེབས་རྒྱུའི་སྤོབས་པ་མེད་པ་རེད་ཅེས་གསུངས་ཡོད།

དེ་ནས། མཚམས་སྦྱོར་ཚན་པས་་་་་་ཁ་ཕྱོགས་ཐབས་མཁས་ཀྱིས་གཞན་དུ་བསྒྱུར་བ་དང་། མི་རྣམས་ཀྱི་གནོད་སྐྱོབ་བྱེད་འདོད་ཀྱི་བློ་་་་་་འདུ་བགྱིས་པ་རེད། ཟེར། འདི་ཡང་གོང་དུ་བཤད་པ་ལྟར་༧གོང་ས་མཆོག་དང་གསར་འགོད་པ་གཉིས་མཉམ་བསྲེས་བྱས་འདུག །མཚམས་སྦྱོར་ཚན་པས་གནོད་ཐེབས་མང་ཚོགས་ལ་སེམས་ཁུར་བྱེད་པའི་ཁ་ཕྱོགས་གཞན་དུ་བསྒྱུར་ཐབས་བྱས་པ་ཡིིན་ན། དེ་ནི་མཚམས་སྦྱོར་ཚན་པ་དེ་དག་གི་བྱས་ཉེས་ཡིན་པས། དེ་ལྟར་གནོད་ཐེབས་མང་ཚོགས་ལ་གནོད་པ་སྐྱེལ་དགོས་པའི་རྒྱུ་མཚན་གང་ཡིན་མཚམས་སྦྱོར་ཚན་པ་དེ་དག་ལ་འདྲི་དགོས་པ་ཞིག་རེད། མི་གཞན་དག་གིས་ངོས་འཛིན་བྱེད་པ་ལྟར་ན། ༧གོང་ས་མཆོག་ཁུལ་དེར་ཕེབས་པ་ནི་གནོད་ཐེབས་མང་ཚོགས་ཀྱི་སེམས་ཀྱི་སྡུག་བསྔལ་སེལ་ཐབས་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད་པ་མ་ཟད། གནོད་ཐེབས་མང་ཚོགས་ཀྱི་གནས་སྟངས་དྲིལ་བསྒྲགས་རྒྱ་ཆེར་བྱུང་ནས། དེར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད།

ཆེད་རྩོམ།
ཐའེ་ཝན་གྱི་དངུལ་སྒོར་གསར་པ་ཁྲི་༧༠ ལ་ཉེ་བའི་མཐོ་རིམ་ཆེད་སྤྱོད་མེ་འཁོར་ལ་བསྡད་དེ། སྐུ་སྲུང་དམག་བརྒྱ་ལ་ཉེ་བའི་དཔུང་གིས་སྲུང་སྐྱོབ་བྱས་པ་སོགས་མི་ཤུགས་དང་དངོས་ཤུགས། ནོར་ཤུགས་མཐའ་དག་གང་བྱུང་དུ་ཆུད་འཛའ་བར་བྱས་ཡོད་པ་རེད།

གསལ་བཤད།
རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་པོ་ན་ནིང་ཟི་ཁྲོན་དང༌། ད་ལོ་སྐྱེ་དགུ་མདོེའི་ས་ཡོམ་ཕོག་ཁུལ་དུ་སྐྱོད་སྐབས་འགྲོ་སོང་གང་ཡང་མེད་པ་ཡིན་ནམ། འདི་ལ་ལན་འདེབས་རིན་གང་ཡང་མི་འདུག །སྤྱིར་བཏང་ཏཱ་ལའི་བླ་མ་ནི་རྒྱལ་སྤྱིའི་ཐོག་གི་གྲགས་ཅན་མི་སྣ་གཞན་དང་བསྡུར་ན། རྒྱས་སྤྲོས་གྱི་རིགས་ལ་མི་དགྱེས་པར་དགེ་སློང་ཕལ་པ་ཞིག་གི་བརྟུལ་ཞུགས་གནང་གི་ཡོད་པ་རེད།

ཆེད་རྩོམ།
གནོད་ཐེབས་མང་ཚོགས་ལ་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ནས་ཁོ་བོའི་བསྔོ་སྨོན་དང་ལེན་བྱེད་དུ་བཅུག་པ་དང་། ཁོ་བོའི་བྱམས་སྙིང་རྗེ་རྫུན་མ་དེས་གནོད་སྐྱོབ་ལ་གཏོར་བརླག་ཆེན་པོ་བཟོས་ཤིང་། ཁ་ནས་གནོད་ཐེབས་མང་ཚོགས་ལ་བདེ་འདྲི་ཞུ་བ་ཡིན་ཁུལ་བརྗོད་མོད། འོན་ཀྱང་གནོད་ཐེབས་མང་ཚོགས་དཀྱུས་མ་ཞིག་ཁོ་བོའི་གམ་ལ་ཡེ་ནས་བཅར་ཐབས་མེད་པ་རེད།

གསལ་བཤད།
བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ནས་ཁོ་བོའི་བསྔོ་སྨོན་དང་ལེན་བྱེད་དུ་བཅུག་པ་སུ་ཞིག་གི་རྣ་བར་འགྲོ་སྟེ། རྒྱ་ནག་གཞུང་གིས་བོད་པ་རྣམས་ལ་བཙན་ཤེད་ཀྱིས་༧གོང་ས་མཆོག་ལ་དད་མོས་མི་བྱེད་པའི་ཁག་ཐེག་ས་ཡིག་བསྡུ་བ་དང༌། ཐ་ན་སྐུ་པར་ཡན་འཇོག་མི་ཆོག་པའི་བཙན་ཤེད་བྱེད་པ་ནང་བཞིན་དམར་པོའི་རྒྱལ་ཁབ་གཞན་གང་ན་ཡང་མེད་ན། ཐའེ་ཝན་ནི་ད་ཆ་རང་དབང་མང་གཙོ་ལྡན་པའི་ཡུལ་གྲུ་ཞིག་ཏུ་གྱུར་ཟིན་པས་དེ་བས་ཀྱང་ག་ལ་ཡོད། དེ་བཞིན་གནོད་སྐྱོབ་ལ་གཏོར་བརླག་ཇི་ལྟར་བཟོས་པ་ཡང་ཁྱེད་ཀྱིས་གསུང་མ་ཐུབ་ན་གཞན་གྱིས་དེ་བས་གོ་ག་ལ་ཐུབ་སྟེ་མི་ཐུབ་ལ། གནོད་ཐེབས་མང་ཚོགས་རྣམས་ཁོང་གི་སྐུ་གམ་ལ་བཅར་ཐབས་བྱུང་ཡོད་མེད་ཀྱང་གཤམ་གསལ་དྲ་ཐག་འདི་ལས་ཤེས་ཐུབ།
http://www.youtube.com/watch?v=kIeFEK1tlSQ&feature=related
http://tibetreport.wordpress.com/2009/09/01/a-human-approach-to-the-dalai-lama%E2%80%99s-taiwan-visit/

ཆེད་རྩོམ།
ཏཱ་ལའི་ཡིས་རང་རྒྱལ་གྱི་གེགས་སེལ་བྱེད་སྒོ་མཐའ་དག་ལ་གདེང་འཇོག་ལེགས་པོ་གནང་ཞིང་། ཁོ་རང་ཡུལ་ཤུལ་དུ་སླེབས་པའི་གོ་སྐབས་ནི་དཔེ་མི་སྲིད་པ་ཞིག་ཡིན་པ་ཁོ་རང་གི་སེམས་ནའང་གསལ་བོ་ཡིན་པ་དང་། གལ་ཏེ་ཁོ་རང་ཡོང་ནའང་སྐྱོ་གར་ཅིག་བསྐྱར་འཁྲབ་བྱེད་ཁོ་ཐག་ཡིན་ལ། ཡོམ་འགོག་གེགས་སེལ་ལས་དོན་ལ་གཏོར་བརླག་གཏོང་བ་ཁོ་ན་ཡིན་པའང་ཁོ་རང་གིས་རྟོགས་ཡོད་པ་རེད།

གསལ་བཤད།
ཏཱ་ལའི་བླ་མས་རྒྱ་ནག་གཞུང་གི་གེགས་སེལ་བྱེད་སྒོ་ཁག་ལ་བསྔགས་བརྗོད་རིམ་པ་ཞིག་གནང་ཡོད་པ་བདེན་པ་ཡིན་པ་དང༌། ཁོང་ཉིད་གནོད་ཐེབས་ས་ཁུལ་དུ་ཕེབས་ཐུབ་པ་ཁག་པོ་ཞིག་ཡིན་པ་ཡང་གསུངས་ཡོད་པ་རེད། གལ་སྲིད་ཡོང་བ་ཡིན་ན་ཞེས་པ་སོགས་ནི་མ་འོངས་ལུང་བསྟན་ཡིན་པས་རྒྱུ་མཚན་ལྡན་པའི་དཔྱད་བརྗོད་བྱེད་ཁག་པོ་ཡིན་ཅིང༌། ཏཱ་ལའི་བླ་མ་ཁུལ་དེར་ཕེབས་ན་གནོད་སེལ་ལས་དོན་ལ་གཏོར་བརླག་ཐེབས་རྒྱུ་ཡིན་པ་དང༌། ཧུ་ཇན་ཐའོ་ཁུལ་དེར་ཕེབས་ན་གཏོར་སྐྱོན་མི་ཐེབས་པའི་རྒྱུ་མཚན་ག་རེ་ཡིན་པ་འགྲེལ་བཤད་ཁ་གསལ་ཞིག་དགོས་པར་སྙམ། གལ་སྲིད་ཏཱ་ལའི་བླ་མ་ཕེབས་པ་ཡིན་ན་དེར་བོད་མི་མང་པོ་ཞིག་འཛོམས་རྒྱུ་ཡིན་པས་གནོད་སེལ་ལས་དོན་ལ་འགོག་རྐྱེན་བཟོ་ངེས་རེད་ཅེས་ན། དེ་ལ་རྒྱུ་མཚན་ཕྲན་བུ་ཡོད་ཀྱང༌། དེ་ལྟར་བོད་མི་མང་པོ་ཞིག་ཅི་ཕྱིར་ཡོང་རྒྱུ་ཡིན་པ་དེ་ཤེས་རྟོགས་ཐུབ་དགོས་པ་གལ་ཆེན་པོ་རེད་སྙམ།

ཆེད་རྩོམ།
ཡིན་ནའང་ཁོས་ཤེས་བཞིན་དུ་དེ་ལྟར་དུ་སྒྲུབ་འདོད་ཅིང་། རང་ཉིད་དྲིལ་བསྒྲགས་དང་མི་གཞན་པའི་བློ་ཁ་བསྒྱུར་བའི་གོ་སྐབས་དེ་འདྲ་ཤོར་དུ་འཇུག་མི་འདོད་ལ། ས་ཡོམ་ཁྲོད་ཀྱི་གནོད་ཐེབས་མང་ཚོགས་ཁྲི་བཅུ་ལ་ཉེ་བ་ཞིག་གི་སྡུག་བསྔལ་གྱི་རྨང་གཞིའི་སྟེང་རྙེད་པའི་གོ་སྐབས་དེ་འདྲའང་ཤོར་དུ་མི་འཇུག་པ་རེད། ཡུལ་ཤུལ་ས་ཁུལ་དུ་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་འདོད་ཀྱི་རེ་བ་དེར་བྱམས་སྙིང་རྗེའི་ཚུལ་ཙམ་ལྡན་པའི་རེ་བ་ལྟར་དུ་སྣང་མོད། འོན་ཀྱང་དེའི་ཤུགས་སུ་རྟོགས་དཀའ་བ་མ་ཡིན་པའི་གསང་བ་ཆེན་པོ་ཞིག་སྦས་ཡོད་པ་རེད། ཡུལ་ཤུལ་དུ་སླེབས་ན། ཏཱ་ལའི་ཡིས་དོན་ངོ་མས་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་དམ་ཡང་ན་སྐྱོ་གར་ཆེན་པོ་ཞིག་བསྐྱར་དུ་འཁྲབ་བབ། དེ་ནི་རྟོགས་དཀའ་བ་མ་ཡིན་ནོ།

གསལ་བཤད།
ཏཱ་ལའི་བླ་མ་མཆོག་གནོད་ཐེབས་ས་ཁུལ་ཕེབས་ཐུབ་རྒྱུ་ཁག་པོ་ཡིན་པར་མཁྱེན་ན་ཡང་དེར་ཕེབས་འདོད་ཡོད་ཅེས་གསུངས་པ་བདེན་པ་ཡིན་ཅིང༌། གནོད་ཐེབས་མང་ཚོགས་ཁྲི་བཅུ་ལ་ཉེ་བ་ཞིག་གི་སྡུག་བསྔལ་གྱི་རྨང་གཞིའི་སྟེང་ནས་འདས་པོ་རྣམས་ལ་བསྔོ་སྨོན་དང༌། གསོན་ལུས་ཚོའི་སེམས་ཀྱི་སྡུག་བསྔལ་སེལ་ཐབས་བྱེད་པའི་འགན་འཁྲི་འོས་བབ་ཡོད་པ་དེ་ཡང་མཁྱེན་བཞིན་ཡོད་པ་རེད། འོན་ཀྱང༌། དེ་རང་ཉིད་དྲིལ་བསྒྲགས་ཡོང་ཐབས་གསུངས་པ་རེད་ཟེར་ན་བསམ་ཡོད་སུས་ཀྱང་ཁས་ལེན་བྱེད་མི་སྲིད། ཏཱ་ལའི་བླ་མ་མཆོག་དང་ཨོ་བྷག་མ་གཉིས་ནི་དེང་སང་འཛམ་གླིང་འདིར་དབུ་ཁྲིད་མཚན་སྙན་གྲགས་ཆེ་ཤོས་ཡིན་པར་ཡོངས་གྲགས་གྱུར་ཡོད་པས། ད་དུང་རང་ཉིད་དྲིལ་བསྒྲགས་བྱེད་དགོས་དོན་གཏན་ནས་མེད་ལ། གལ་སྲིད་སྐུ་ཉིད་ཀྱིས་བཤད་པ་ལྟར་ཏཱ་ལའི་བླ་མ་ནི་རང་འདོད་ཅན་དང་རང་ཉིད་དྲིལ་བསྒྲགས་བྱེད་པར་དགའ་མཁན་ཞིག་ཡིན་ན། རྒྱལ་སྤྱིའི་ནང་དེ་ལྟའི་མཚན་སྙན་དང་གུས་བརྩི་གཏན་ནས་ཐོབ་མི་སྲིད།

དེ་མིན། རྟོགས་དཀའ་བ་མ་ཡིན་པའི་གསང་བ་ཆེན་པོ་ཞིག་སྦས་ཡོད་པ་རེད་ཟེར་བ་དང༌། ཡུལ་ཤུལ་དུ་སླེབས་ན། སྐྱོ་གར་ཆེན་པོ་ཞིག་འཁྲབ་རྒྱུ་རེད་ཟེར་བ་དང༌། དེ་ཡང་བསྐྱར་དུ་འཁྲབ་རྒྱུ་རེད་ཅེས་སྔོན་མ་ཐེངས་གཅིག་འཁྲབ་ཟིན་པ་འདྲ་བ་འདི་ག་རེ་ལབ་ཀྱི་ཡོད་པ་གཏན་ནས་གོ་མི་ཐུབ་འདུག་པས། རྟོགས་དཀའ་བ་མ་ཡིན་པར་མངོན་སུམ་དུ་གཟིགས་བཞིན་པའི་སྐུ་ཉིད་ནས། རྒྱབ་ལོག་ལ་གསང་བ་ག་རེ་སྦས་པ་ཡོད་པ་དང༌། སྐྱོ་གར་ཟེར་བ་ཅི་ཞིག་ལ་གོ་དགོས་པ། སྐྱོ་གར་དེ་སྔོན་མ་གང་དུ་འཁྲབ་པ། ད་རེས་ཚུལ་ཇི་ལྟར་འཁྲབ་རྒྱུ་ཡིན་པ་སོགས་གསལ་པོ་ཞིག་མ་བཤད་ཕྱིན། བདག་ལྟ་བུ་ལ་སྐུ་ཉིད་ཀྱིས་འདི་ལབ་ཀྱིན་འདུག་བསམ་པ་ཞིག་བློ་ཡུལ་དུ་འཆར་རྒྱུ་མེད་པ་ལ། ཚོད་ཚོད་དང་ཟ་ཟིར་གྱི་ལན་བཏབ་པས་ག་ལ་འགྲིགས། ད་དུང་གོང་དུ། རྒྱ་བོད་གཉིས་ཀྱི་འབྲེལ་བ་བེད་སྤྱོད་པའི་རེ་ངན་བཅངས་ཡོད་ཅིང་། ཞེས་པ་འདིས་ཀྱང་ཅི་ཞིག་བརྗོད་པར་ཤེས་ཐུབ་ཀྱི་མི་འདུག

དེ་ལྟར་ཆེད་རྩོམ་དེའི་དོན་གནད་རེ་རེ་བཞིན་ཐད་ཀར་ལན་འདེབས་གསལ་བཤད་ཐུང་ངུ་རེ་བྱས་ནས། ད་ནི་དེ་འབྲེལ་གྱི་གནད་དོན་གཞན་འགའ་གླེང་ཙམ་བྱས་ན། ཐོག་མར་ངས་གསལ་བཤད་འདི་བྲིས་པའི་བརྒྱུད་རིམ་ནང༌ཚོར་སྣང་འདི་འདྲ་ཞིག་བྱུང་སྟེ། ཆེད་རྩོམ་འདི་ནི། ཅང་ཡུས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་མ་ཐུབ་པའི་གནོངས་འགེབས་ཆེད་བྲིས་པ་དང༌། རྩོམ་ཡིག་འདི་འབྲི་བའི་སྐབས། གསར་འགོད་པའི་དྲི་བ་དེ་འདྲ་ཞིག་ཡོང་དགོས་པའི་རྒྱུ་རྐྱེན་ནི་ཏཱ་ལའི་བླ་མར་ཐུག་འདུག་སྙམ་པའི་ཁོང་ཁྲོ་ལངས་ཤིང༌། ཁོང་ཁྲོ་དེའི་དབང་གིས་དོན་དངོས་ལ་གཞི་མ་བཅོལ་བར་ཚོར་སྣང་ལ་གཞི་བཞག་ནས་བྲིས་འདུག་ཅེས་བརྗོད་འདོད་བྱུང༌། རྒྱུ་མཚན་དེས་རྩོམ་ཡིག་དེ་མཇུག་ཏུ་མར་མར་སླེབས་སྐབས་ཡ་ལན་བྱེད་རིན་མེད་པ་ཞིག་ཏུ་མཐོང་ནས་མཚམས་འཇོག་བྱེད་འདོད་ཐེངས་ཁ་ཤས་བྱུང༌ཡང་འགོ་འཛུགས་ཟིན་པས་མཇུག་སྐྱོང་བ་ཡིན།

ཡང་འདིར་ཤེས་དགོས་པ་ཞིག་ལ། ངས་ས་ཡོམ་གྱི་སྐོར་རྒྱ་ནག་གཞུང་གིས་བཤད་པ་ཚང་མ་རྫུན་པ་དང༌། བོད་པས་བཤད་པ་ཚང་མ་བདེན་པ་རེད་ཅེས་ཤོད་ཀྱིན་མེད། བོད་མི་འགའ་ཞིག་ནས། རྒྱ་ནག་གི་དམག་མིས་རོགས་སྐྱོར་གང་ཡང་བྱེད་ཀྱི་མི་འདུག་ཟེར་བ་དེ་བདེན་པ་མ་རེད། གྲྭ་བཙུན་རྣམས་ཀྱིས་མི་ས་འོག་ཏུ་མནན་བཞག་པ་མཐོང་བ་ན་རང་ནུས་གང་ཡོད་ཀྱིས་ཡར་འདོན་ཐབས་བྱེད་པ་དང༌། རྨས་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་དང་སེམས་གསོ་བྱས་ཡོད་པ་བདེན་པ་ཡིན་ཀྱང༌། ཕྱོགས་ཡོངས་ཀྱི་བྱ་བ་སྒྲུབ་པ་ལ་གཞུང་གིས་བཏང་བའི་མྱུར་སྐྱོབ་དམག་མི་རྣམས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཤད་མི་དགོས་པ་རེད། དམག་མི་དེ་དག་ལ་གཅིག་ནས་ལག་ཆ་དང་ཉམས་མྱོང་ཡོད་པ་དང༌། གཉིས་ནས་ཆེད་ལས་ཀྱི་སྦྱོང་རྡར་ཡོད་པ་བཅས་ཏན་ཏན་ཁྱད་པར་ཆེན་པོ་ཡོད་པ་རེད།

མི་ཞིག་ས་འོག་ནས་ཡར་འདོན་པ་དེ་གལ་ཆེན་པོ་ལོས་ཡིན། འགྲོ་བ་མི་ཞིག་གི་ཚེ་སྲོག་དང་འབྲེལ་བ་ཡོད་པ་རེད། འོན་ཀྱང་རྒྱབ་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་མེད་པར་ཚང་མ་ཁང་པ་ལོག་ཤུལ་དུ་རོབ་བསྡད་པ་ཡིན་ན་ག་ལ་འགྲིག །དཔེར་ན། མོ་ཊའི་གཞུང་ལམ་ཆད་ཡོད་ན་དེ་མ་བཟོས་པ་ཡིན་ཚེ། ཁང་ཆེན་སྔོག་བྱེད་ཀྱི་འཕྲུལ་ཆས་སོགས་དབོར་འདྲེན་བྱེད་མི་ཐུབ་ལ། ད་དུང་སྨན་དང་ཟ་ཆས་སོགས་སྐྱེལ་འདྲེན་བྱེད་མི་ཐུབ་པས་མི་དེ་ལས་མང་བ་འཆི་སྐྱོན་འགྲོ་རྒྱུ་ཡིན་པ་རེད། དེས་ན། ལམ་བཤང་པ་དང༌། ཆུ་འདྲེན་པ། རྨས་མ་དབོར་འདྲེན་བྱེད་པ། དེ་ལ་སོགས་པ་རྒྱབ་ཕྱོགས་ཀྱི་བྱ་བ་མཁོ་སྒྲུབ་བྱེད་པའི་ཐད་དགོས་ངེས་ཅན་གྱི་ནུས་པ་ཐོན་ཡོད་ཅིང༌། དེ་ལས་གལ་ཆེ་བ་སླད་མར་འཛུགས་སྐྲུན་དེ་ཡང་རྒྱ་ནག་གཞུང་གི་ལག་པར་ཡོད་པ་ལས། གྲྭ་བཙུན་རྣམས་ཀྱིས་གང་ཡང་བྱེད་མི་ཐུབ་པ་ནི་ཀུན་གྱི་ཤེས་གསལ་རེད།

ཡང་བོད་མི་འགའ་ཞིག་ནས། རྒྱ་ནག་གཞུང་གིས་ད་རེས་ཀྱི་ས་ཡོམ་ནང་མི་ཤི་བའི་གྲངས་འབོར་རྫུན་མ་བཤད་པ་ལས། དངོས་གནས་ཀྱི་མི་ཤི་བའི་གྲངས་འབོར་དེ་ཁྲི་གཅིག་ཡས་མས་རེད་ཟེར། ངས་བལྟས་ན་སུས་ཀྱང་ད་དུང་གྲངས་འབོར་ཏག་ཏག་ཅིག་ཤོད་ཐུབ་ཀྱི་མེད་མོད། དེ་གཉིས་ལས་རྒྱ་ནག་གི་ཤོད་སྟངས་དེ་ལུགས་དང་མཐུན་ཆེ་བ་ཡོད་པ་རེད། རྒྱ་ནག་གཞུང་གིས་གཞི་ག་རེ་ལ་འཛིན་ཡོད་པའི་གསལ་ཁ་ཞིག་མེད་ཀྱང༌། དང་པོ་མི་ཤི་བའི་ཁ་གྲངས་དེ་༦༠ རེ་གྲངས་ནས་༢༣༠༠ མ་ཟིན་ཙམ་བར་འཕར་ཞིང༌། དེ་དག་ཚང་མ་དུས་གཅིག་ཏུ་ཤི་བ་དང་ཕུང་པོ་ལྡེབ་གཅིག་ཏུ་རྙེད་པ་མ་ཡིན་སྟབས། མི་ཤི་བའི་ཕུང་པོ་རྙེད་རིམ་བཞིན་གྲངས་ཁ་འཕར་བ་ནི་ལུགས་དང་མཐུན་པ་ཞིག་ཡིན་པ་རེད།

དེ་མིན་ཁྲི་གཅིག་ཡས་མས་ཟེར་བ་དེས་ཀྱང་ཏག་ཏག་ཅིག་ཡོང་གི་མེད་ཅིང༌། ད་དུང་བོད་མི་ཁ་ཤས་ཀྱིས་ཟེར་ན། ཁྲི་གཅིག་ལས་བརྒལ་བ་དང༌། ཁྲི་ཁ་ཤས་དང༌། ཁྲི་གཅིག་ནས་གཉིས་བར་རེད་སོགས་ཟེར། ཁྲི་གཅིག་ལས་བརྒལ་བའི་གྲངས་ལ་ས་ཡ་དང་དུང་ཕྱུར་སོགས་མང་མཐའ་བཀག་མེད་ཅིང༌། ཁྲི་ཁ་ཤས་དང་ཁྲི་གཅིག་ནས་གཉིས་བར་ཟེར་བ་ཡང་། ཁྲི་གཅིག་ནས་གཉིས་བར་གྲངས་འབོར་ཁྲི་གཅིག་ཏག་ཏག་ཡོད་པས་ན། འདིར་འགྲོ་བ་མི་ཡི་ཚེ་སྲོག་ཤོར་བའི་གྲངས་ཁ་བཤད་པའི་སྐབས། ཕྲུ་གུས་ཕོར་པ་ནང་གི་ཡུས་དང་སྲན་མའི་གྲངས་ལ་ཚོད་རྩིས་བྱེད་པ་ལྟར་སྣང་ཆུང་རོབ་ཚོད་བྱས་ན་ག་ནས་འགྲིག །དེ་ལ་སོགས་པ་མང་དུ་སྣང་ཡང་འདིར་མཚོན་པ་ཙམ་མོ༎

Read more!